རྟ་རྒྱུགས།

ཡོང་ཁུངས་Wikipedia

࿑ རྟ་རྒྱུག་སྒྱུ་རྩལ་ལ་དཔྱད་པའི་གཏམ།

     རྩོམ་པ་པོ། ___གངས་རིན་ཆེན། 

སྤྱིར་རྟ་རྒྱུག་དུས་ཆེན་ནི། མིའི་རིགས་ཀྱི་ལྟད་མོའི་དུས་ཆེན་ཞིག་དང་། ལྷག་པར་བོད་མི་ཚོས་ལོ་ངོ་སྟོང་ཕྲག་སྔོན་ནས་ཧ་ཅང་དགའ་པོ་བྱེད་སའི་དུས་ཆེན་ཞིག་ཡིན། རྒྱུ་མཚན་ནི། སྐབས་དེར་བོད་མིའི་འགྲིམ་འགྲུལ་ཡོ་ཆས་གཙོ་བོ་ནི་རྟ་ཡིན་ཅིང་ཚང་མས་རྟ་ལ་དགའ་ཞེན་ཆེན་པོ་བྱེད་ཀྱི་ཡོད་ལ་རྟ་ནི་བོད་མི་ཚོའི་མཐུན་རྐྱེན་འཚོ་བའི་ནང་ལ་མེད་དུ་མི་རུང་བའི་དངོས་པོ་ཞིག་ཏུ་གྱུར་པ་རེད།

སྔར་བཙན་པོའི་དུས་ནས་རྟ་ཐོག་སྤོ་ལོ་རྒྱག་སྲོལ་ཡོད་པ་བཅས་ཀྱི་ཐོག་ནས་བོད་ཡུལ་དུ་རྟ་རྒྱུག་དུས་ཆེན་གྱི་སྲོལ་དེ་དར་ནས་དུས་ཡུན་ལོ་ངོ་སྟོང་ལྷག་ཕྱིན་ཡོད་པར་སྣང་། སྔོན་བྱོན་མཁས་དབང་ཚོས་རྟ་ལ་དཔྱད་རྩོམ་མང་པོ་འབྲི་གནང་ཡོད་པ་ནི། དཔེར་ན་《རྟ་དཔྱད་མཐོང་བ་ཀུན་གསལ་མེ་ལོང་》ལས་དེ་བཞིན་ཕྱོགས་རེར་ཡུལ་ལྔ་ནས། རྟ་མཁན་མཁས་པ་མི་དགུ་བསྡུས། དགུ་བོ་འདོད་ལུགས་སོ་སོར་བྱུང་། དགྱེ་བོ་འཇག་རྟ་རུ་རྔུ་གཉིས། སྒུར་པོ་གྱམ་ཤིང་མུ་ཆེན་གཉིས། དྲང་པོ་འདོ་བ་གྱི་ལིང་གཉིས།”ཞེས་འཁོད་པར་གཞིགས་ན། ཁྲི་སྲོང་གི་དུས་ནས་རྟའི་དབྱེ་བ་ཆེན་པོ་དྲུག་འབྱེད་སྲོལ་ཡོད་འདུག

ཡིན་ནའང་རྒྱུན་དུས་རྩེད་རིགས་དང་ལྟད་མོ་གང་ཡིན་ཀྱང་། མཐའ་མར་མི་ཡི་སེམས་ཁམས་ཀྱི་བག་ཆགས་བཟང་མིན་དང་འཇུག་འབྲས་ལ་བལྟ་རྒྱུ་གལ་ཆེ་བ་སྟེ།

 དེ་ལྟར་མ་བྱུང་ཚེ། ལྟད་མོ་དེས་སེམས་ཁམས་ལ་ཞི་བདེ་འཕོངས་ཤིང་འགྲན་སེམས་ཆེ་བས། རྟ་མཆོག་ལ་རང་དབང་མེད་པའི་ལྕག་ཚན་གྱི་འོག་ཏུ་འགྲན་རྩོད་བྱེད་པ་ནི། ཞི་བདེ་བག་ཡངས་དང་བདེ་སྐྱིད་ཀྱིས་ཚོར་བ་བཅོམ་སྟེ།  ལོ་རེར་རྟ་རྒྱུག་གི་དུས་ཆེ་དེ་ཕྲག་དོག་དང་འགྲན་རྩོད། ད་དུང་རྟ་ལ་རིན་གོང་མཐོ་པོ་སྤྲད་པའི་གྱོང་གུད་སོགས་ལ་གཞིག་ན་སྐྱོ་སྣང་གི་དུས་ཆེ་ཞིག་ཏུ་འགྱུར་བར་ཡང་སྲིད།

མ་ཚད། དཀའ་ངལ་མྱོང་ཤེས་ཀྱང་བརྗོད་མི་ཤེས་པའི་དུད་འགྲོ་དེར་རྟ་དང་ཅང་ཤེས། རྟ་མཆོག་རིན་པོ་ཆེ་སོགས་གང་ཟེར་ནའང་། དབང་ཆེ་མི་ཡིས་གང་བསྐོས་ལས། རྟ་ལ་རང་འདོད་ཀྱི་རང་དབང་ཏིལ་འབྲུ་ཙམ་ཡང་མེད་པ་ཡིན།

བོད་མདོ་དབུས་ཁམས་གསུམ་ནས་རྟ་རྒྱུག་གི་སྒྱུ་རྩལ་རྣམ་པ་མི་འདྲ་བར་མང་པོ་ཡོད་ཀྱང་།

དེའི་ནང་ནས། ས་ཐག་ཧ་ཅང་རིང་པོ་ནས་རྒྱུག་སྟེ་དབུགས་ཐག་མ་ཆད་བར་ལྕག་ཚན་རྡུང་རྡུང་གིས་མི་རྟ་གཉིས་ཀར་ཁྲོ་དགྱེལ་བ་ནི། གཤིན་རྗེས་དམྱལ་ཁམས་དེད་པ་བཞིན་རྟ་ལ་རང་དབང་འཕྲོག་པ་དང་། རང་ལ་སྙིང་རྗེ་མེད་པ་བཅས་ཀྱི་རང་མཚང་སྟོན་པས་འདི་ནི་ངོ་མ་རང་གཞན་གཉིས་ཕུང་ཞིག་ཏུ་སྣང་།

     གལ་ཏེ། སྒྱུ་རྩལ་རང་བཞིན་ལྡན་པའི་རྩེད་མོ་ཞིག་ལ་འཇུག་འདོད་ཚེ། དབང་ཤེད་བཙན་གནོན་གྱིས་རྟ་ལྕག་འོག་ཏུ་མགྱོགས་ཚད་འགྲན་བསྡུར་མ་ཡིན་པར།

དགའ་སྤྲོ་འཁོལ་བའི་རྟ་པ་ཚོས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གོས་རྒྱན་གང་ལེགས་གྱོན་པ་དང་། རྟ་ལའང་རྟ་ཆས་དང་མཛེས་རྒྱན་སྤྲས་པ། རྟའི་བཟང་ངན་དང་། མིའི་སྐྱ་རྩལ། གཙན་གནོན་མིན་པའི་རྟ་ལ་རང་བཞིན་དུ་ཡོད་པའི་འགྲོས་བསྡུར་བ། རྟས་གོམ་པ་རྒྱག་དུས་ལག་པ་མཐོ་དམའ་དང་འགྲོས་བདེ་མིན། རྟ་ཐོག་ནས་འབེན་ལ་མདའ་དང་མེ་མདའ་འཕེན་པ། ཁ་བཏགས་མང་པོ་ས་ལ་བཀྲམ་ཏེ་རྟ་རྒྱུག་བཞིན་པའི་ངང་། རྟ་ཐོག་ནས་ཁ་བཏགས་ཡར་བསྒྲུབ་པ་སོགས། སྒྱུ་རྩལ་གྱི་ལྟད་མོ་ལ་འཇུག་ན་འཛམ་གླིང་གི་རྩེད་རིགས་དང་མཐུན་པ། གཟུར་གནས་བ་དག་ལ་ལྟད་མོ་ཆེ་བ་དང་། རྩེད་འགྲན་པ་དག་ལ་སྒྱུ་རྩལ་གྱི་ཉམས་སྟོན་སའི་ཁོར་ཡུག་ལེགས་པར་སོགས་རང་གཞན་ཀུན་ལ་དགེ་མཚན་ཆེ་བར་ཞིག་ཏུ་སྣང་ངོ་།

__________2018/8/9ཉིན།