Jump to content

རྙེད་དང་བཀུར་སྟི་

ཡོང་ཁུངས་Wikipedia

རྙེད་དང་བཀུར་སྟི་ཞེས་པ་ནི་མི་རྣམས་ཀྱིས་འཚོ་བ་སྐྱོང་བ་དང་འདུ་ཤེས་ཡར་རྒྱས་ཀྱི་ཆེད་དུ་འདོད་པའི་ཆེད་དུ་མཁོ་བའི་དངོས་པོ་གཉིས་ཤིག་ཡིན། རྙེད་པ་ཞེས་པ་ནི་ཟས་གོས་ནོར་སོགས་ཀྱི་རྫས་ཀྱི་ཁེ་ཕན་ལ་གོ་ཞིང་། འཇིག་རྟེན་པ་རྣམས་ཀྱིས་འདི་གཉིས་བདེ་སྐྱིད་ཀྱི་རྒྱུ་རུ་འདོད་མོད། ཆོས་པ་ཞིག་དང་ཁྱད་པར་དུ་ཐེག་ཆེན་ལ་ཞུགས་པ་རྣམས་ཀྱིས་དེ་དག་ལ་ཆགས་ན་ལམ་གྱི་གེགས་དང་སེམས་བསྐྱེད་ཉམས་པའི་རྒྱུ་ཆགས་ཤིང་འཁོར་བ་ལས་གྲོལ་བར་གེགས་བྱེད་པས་དྲན་ཤེས་ཀྱིས་སྤང་བར་བྱ་བའི་ཡུལ་ཡིན་ནོ། །

སྒྲ་བཤད།

[རྩོམ་སྒྲིག]

རྙེད་པར་བྱ་བ་སྟེ་ཟས་གོས་ནོར་སོགས་ཀྱི་ནོར་ལོངས་སྤྱོད་ཀྱི་རྫས་རྙེད་ཅིང་། ཕྱག་འཚལ་བ་དང་གདན་ཐོབ་ཀྱི་གུས་པའི་ལས་ཡིན་པས་ན་རྙེད་པ་དང་བཀུར་སྟི་ཞེས་བརྗོད་དོ། །

ནང་དོན།

[རྩོམ་སྒྲིག]

"ཟས་གོས་སོགས་ཀྱི་རྙེད་པ་དང་ཕྱག་འཚལ་བ་དང་གདན་སྟོབ་པ་སོགས་ཀྱི་བཀུར་སྟི་དང་ལུས་དང་སྲོག་གི་རྒྱུན་བདེ་བར་གནས་པའི་རྐྱེན་དུ་གྱུར་པའི་འཚོ་བ་"[]ཞེས་གསུངས་པ་ལྟར། འཚོ་བ་སྐྱོང་བ་དང་ཕུན་སུམ་ཚོགས་པའི་རྒྱུ་རྐྱེན་ཡིན། ཡིན་ནའང་ཐེག་ཆེན་ལམ་ལ་ཞུགས་པ་རྣམས་ཀྱིས་དེ་དག་ལ་ཆགས་པ་ན། གཞན་ཕན་གྱི་བསམ་པ་སྲུང་བའི་ཐབས་སུ་མི་འགྱུར་བའི་ལུས་ངག་གི་དགེ་བ་གཞན་དང་བདེ་བ་དང་ཡིད་ཀྱི་བདེ་བ་སྐྱེད་བྱེད་ཀྱི་རྒྱུ་གཞན་གང་ཡང་རུང་བ་དག་ཉམས་པར་འགྱུར་བའོ། །

དབྱེ་བ།

[རྩོམ་སྒྲིག]

རྙེད་པའི་དབྱེ་བ། "བདག་གི་བསོད་སྙོམས་ཆོས་གོས་སོགས་ཟས་གོས་ཀྱི་རྙེད་པ་"[]ཞེས་གསུངས་པ་འདིས་ཟ་ཆས་དང་སམ་བུ་ཆོས་གོས་སོགས་འཚོ་བར་རྒྱུ་རྐྱེན་དུ་བྱེད་པའི་རྫས་ཐམས་ཅད་རྙེད་པའི་ནང་དུ་འདུས་པར་བསྟན། "བདག་གི་རྙེད་པ་ཡོན་འབུལ་བ་ལ་སོགས་པ་"[]ཞེས་གསུངས་པ་འདིས་རང་གིས་ཁྱེར་ཐུབ་པའི་རྙེད་པ་ཐམས་ཅད་གཞན་ལ་ཡོན་ཆབ་སྦྱིན་པར་བཏང་བའི་རིགས་ལ་ཟེར་ཞིང་། གཞན་གྱིས་ཡོན་ཆབ་ཕུལ་བའི་རྫས་རྣམས་ཀྱང་རྙེད་པའི་ནང་འདུ་བར་བསྟན། བཀུར་སྟིའི་དབྱེ་བ། "ཕྱག་འཚལ་བ་དང་གདན་སྟོབ་པ་སོགས་ཀྱི་བཀུར་སྟི་"[]ཞེས་གསུངས་པ་འདིས་ཕྱག་འཚལ་ཞིང་གདན་འདིངས་པ་སོགས་ལུས་ངག་གི་གུས་པ་གང་ཡང་རུང་བས་བཀུར་སྟི་ཞུ་བ་ལ་ཟེར། གདན་སྟོབ་པ་ཞེས་པ་ནི་འདུག་གདན་བཏིང་སྟེ་བཞུགས་གནས་འདེགས་པའི་དོན་ཡིན། "རིམ་གྲོ་ནི་རྐང་པ་འཁྲུ་བ་དང་ཉེད་པ་ལ་སོགས་པའོ། །"[]ཞེས་གསུངས་པ་འདིས་ཞབས་ཏོག་གི་སྒོ་ནས་ཞབས་པ་བཀྲུ་བ་དང་ལུས་པོ་ཉེད་པ་སོགས་རྐང་ལག་ཀུན་གྱི་གདུང་སེལ་བྱེད་པའི་རིམ་གྲོ་ཞབས་ཏོག་ཐམས་ཅད་ལ་གོ་བར་བསྟན།

སྤང་དགོས་པའི་རྒྱུ་མཚན།

[རྩོམ་སྒྲིག]

འཁོར་བར་འཆིང་བའི་རྒྱུ་ཡིན་པ། "བདག་ནི་འཁོར་བའི་བཙོན་རར་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཞིང་ཐར་པ་དོན་དུ་གཉེར་མཁན་ཡིན་ལ་བསྟོད་པ་དང་རྙེད་པ་དང་བཀུར་སྟིས་ནི་འཁོར་བའི་གནས་སུ་འཆིང་བར་བྱེད་པས་ན་"[]ཞེས་གསུངས་པ་འདིས་ཐར་པ་འདོད་པའི་སྐྱེས་བུས་རྙེད་བཀུར་རྣམས་ལ་ཆགས་པ་ན་འཁོར་བ་ལས་གྲོལ་བར་གེགས་བྱེད་ཅིང་། བཙོན་ཁང་ནང་ལྕགས་སྒྲོག་ཡོད་བཞིན་དུ་ཡང་སྣ་ལྕགས་གཅིག་ཏུ་བཅུག་དགོས་པ་མེད་པ་བཞིན་དུ་འཆིང་བ་ལྷག་མ་དེ་རྣམས་མི་དགོས་པ་བསྟན། སེམས་བསྲུང་བར་འགལ་བ། "སེམས་བསྲུང་བ་དང་བྲལ་བའི་དགེ་བ་གཞན་ཡང་ཉམས་པ་སླའི་ཐེག་པ་ཆེན་པོའི་སེམས་ནི་ནམ་ཡང་ཉམས་པར་མི་བྱའོ། །"[]ཞེས་གསུངས་པ་འདིས་ཐེག་ཆེན་སེམས་བསྐྱེད་པ་དང་སེམས་བསྲུང་བ་ནི་ནམ་ཡང་ཉམས་པར་མི་བྱ་བའི་རྩ་བ་ཞིག་ཡིན་ལ། རྙེད་བཀུར་ལ་ཆགས་པ་ན་སེམས་བསྲུང་བ་དཀའ་ཞིང་ལུས་ངག་གི་དགེ་བ་གཞན་རྣམས་ཡང་ཉམས་ནས་མེད་པར་འགྱུར་བར་བསྟན།

བྱ་བའི་ཚུལ།

[རྩོམ་སྒྲིག]

"གང་དག་དེས་གེགས་བྱས་ནས་བདག་འཁོར་བར་བཅིངས་པ་འགྲོལ་བར་བྱེད་པ་དེ་ལ་བདག་ནི་ཇི་ལྟར་ཁྲོ།"[] ཞེས་གསུངས་པ་འདིས་རང་གི་རྙེད་བཀུར་ལ་གེགས་བྱེད་པ་དགྲ་བོ་རྣམས་ལ་ཁྲོ་མི་ཆོག་པར་བསྟན། དེ་དག་གིས་ཕ་རོལ་དུ་དགེ་བའི་བཤེས་གཉེན་གྱི་བྱ་བ་བྱེད་ཅིང་འཁོར་བ་ལས་གྲོལ་བར་ཕན་འདོགས་པས་ཕན་པ་ཆེན་པོ་རེད།

སེམས་སྦྱོང་གི་ཐབས།

[རྩོམ་སྒྲིག]

"རྙེད་པ་དང་བཀུར་སྟི་ནི་འཐབ་མོ་དང་རྩོད་པ་ཡིས་ཀྱང་འདི་ལས་འཕྲོག་ནས་ངེས་པར་བསྒྲུབ་པར་བྱའོ། །"[]ཞེས་གསུངས་པ་འདིས་བདག་དང་མཉམ་པའི་སེམས་ཅན་གཞན་ལས་རང་ལྷག་པར་བྱ་བའི་ཕྱིར། དེ་དག་གི་རྙེད་བཀུར་རྣམས་འཐབ་མོ་དང་རྩོད་པའི་ཐབས་ཀྱིས་ཀྱང་འཕྲོག་ནས་རང་ལ་བསྒྲུབ་པའི་འགྲན་སེམས་སྒོམ་དགོས་པར་བསྟན།

བསྔོ་བ།

[རྩོམ་སྒྲིག]

"འགྲོ་བའི་སྡུག་བསྔལ་གྱི་ནད་སེལ་བའི་སྨན་གཅིག་པུ། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་འབྱུང་བའི་གནས། སངས་རྒྱས་ཀྱི་བསྟན་པ་རྙེད་པ་དང་བཀུར་སྟི་དང་བཅས་ཏེ་ཡུན་རིང་དུ་གནས་པར་གྱུར་ཅིག་"[༡༠]ཅེས་གསུངས་པ་འདིས་འགྲོ་བ་ཚང་མའི་སྡུག་བསྔལ་མ་ལུས་པ་སེལ་ཐུབ་པའི་སྨན་གཅིག་པུ་ནི་སངས་རྒྱས་ཀྱི་བསྟན་པ་ཞིག་ཡིན་ལ། རྙེད་བཀུར་ཐོབ་པ་དེ་དག་དེ་བསྟན་པ་རིང་དུ་གནས་པར་བསྔོ་དགོས་པར་བསྟན།

བསྡུས་དོན།

[རྩོམ་སྒྲིག]

རྙེད་དང་བཀུར་སྟི་ཞེས་པ་ནི་ཟས་གོས་ནོར་སོགས་ཀྱི་རྫས་རྙེད་པ་དང་ཕྱག་འཚལ་བ་གདན་སྟོབ་པ་སོགས་ཀྱི་གུས་པའི་ལས་ལ་གོ། ཐེག་ཆེན་སེམས་བསྐྱེད་པའི་སྐབས་སུ་འདི་དག་ལ་ཆགས་པ་ན་འཁོར་བར་འཆིང་ཞིང་སེམས་བསྲུང་བར་གེགས་བྱེད་པས་སྤང་དགོས། དེ་ལ་གེགས་བྱེད་པ་རྣམས་ལ་ཁྲོ་མི་བྱ་ཞིང་རང་ཉིད་ཤིང་བཞིན་མི་གཡོ་བར་གནས་དགོས། ཡང་ན་འགྲན་སེམས་ཀྱི་སྒོ་ནས་སེམས་སྦྱོང་ཞིང་ཐོབ་པའི་རྙེད་བཀུར་རྣམས་སངས་རྒྱས་ཀྱི་བསྟན་པ་དར་བར་བསྔོ་བ་བྱ་དགོས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  5. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  7. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  8. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  9. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  10. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།