རྗེས་སུ་ཡི་རང་
རྗེས་སུ་ཡི་རང་ནི་རང་གཞན་གྱི་དགེ་བའི་རྩ་བ་ལ་སེམས་རབ་ཏུ་དགའ་བ་སྐྱེད་ཅིང་དེ་ལ་རྗེས་སུ་མཐུན་པར་སྤྱོད་པའི་བྱ་བ་ཞིག་ཡིན། འདི་ནི་བྱང་ཆུབ་སེམས་དཔའི་ཕར་ཕྱིན་དྲུག་གི་ནང་ནས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསག་པའི་ཐབས་གལ་ཆེན་ཞིག་ཏུ་གསུངས་སོ། །
དབྱེ་བ།
[རྩོམ་སྒྲིག]ཡོངས་སུ་བསྔོ་བ་སྔོན་དུ་འགྲོ་བ་དང་མི་འགྲོ་བའི་དབྱེ་བས་རྣམ་པ་གཉིས་ཡོད། "དེ་ཡང་ཡོངས་སུ་བསྔོ་བ་སྔོན་དུ་འགྲོ་བ་དང་མི་འགྲོ་བའི་དབྱེ་བས་རྣམ་པ་གཉིས་ཏེ། གང་གི་ཚེ་བདག་གི་དགེ་བའི་རྩ་བ་རྗེས་ལས་བྱུང་བའི་སེམས་ཀྱིས་ཡོངས་སུ་བསྔོས་ནས་རྗེས་ལས་བྱུང་བའི་སེམས་ཀྱིས་ཡོངས་སུ་བསྔོས་པ་ལ་རྗེས་སུ་ཡི་རང་བར་བྱེད་པ་དེའི་ཚེ་ནི་དང་པོ་ཡིན་ནོ། །ཡང་གང་གི་ཚེ་བདག་ཉིད་ཀྱི་སེར་སྣ་ལ་སོགས་པའི་སེམས་ཚར་བཅད་ནས་གཞན་གྱིས་སྦྱིན་པ་ལ་སོགས་པ་བྱས་པ་ལ་རྗེས་སུ་ཡི་རང་བར་བྱེད་པ་དེའི་ཚེ་ན་ནི་གཉིས་པར་གྱུར་པ་ཡིན་ནོ། །"[༡]ཞེས་གསུངས་སོ། །
རྗེས་སུ་ཡི་རང་བྱེད་ཚུལ།
[རྩོམ་སྒྲིག]སངས་རྒྱས་དང་བྱང་སེམས། ཉན་ཐོས་དགྲ་བཅོམ་པ་སོགས་ཀྱིས་བསགས་པའི་དགེ་བ་རྣམས་ལ་དགའ་བས་རྗེས་སུ་ཡི་རང་ཞིང་། དེའི་དགེ་བ་རྣམས་འགྲོ་བའི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བསྔོ་དགོས། "རྒྱལ་བ་དེ་དག་གིས་བསོད་ནམས་གང་བསྐྲུན་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་དང་སངས་རྒྱས་ཀྱི་ཆོས་གཞན་གང་ཡིན་པ་དང་། གང་ཡང་སངས་རྒྱས་ཀྱི་སྲས་བྱང་སེམས་རྣམས་དང་ཉན་ཐོས་སློབ་པ་དང་མི་སློབ་པ་དགྲ་བཅོམ་པ་སོགས་ཀྱིས་བསྐྲུན་པའི་དགེ་བ་ཟག་བཅས་དང་ཟག་མེད་རྣམས་གཅིག་ཏུ་བསྡུས་ནས། བྱང་ཆུབ་སེམས་དཔའ་དགའ་བས་རྗེས་སུ་ཡི་རང་ཞིང་དེའི་དགེ་བ་རྣམས་འགྲོ་བའི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ནི་ཐམས་ཅད་བསྔོའོ། །"[༢]ཞེས་གསུངས་སོ། །
མངོན་མཐོའི་རྒྱུ་འབྲས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བ། "སེམས་ཅན་ཀུན་གྱི་ངན་སོང་གི་སྡུག་བསྔལ་ངལ་གསོ་ཞིང་མངོན་མཐོ་ཁྱད་པར་ཅན་ཐོབ་པར་བྱེད་པའི་རྒྱུའི་དགེ་བ་དང་། དེའི་འབྲས་བུ་སྡུག་བསྔལ་ཅན་དག་མངོན་མཐོའི་བདེ་བར་གནས་པ་ལ་བསམ་པ་དགའ་བས་དེ་ལྟ་བུ་ཡོད་པ་ཨ་རེ་ལེགས་སྙམ་དུ་རྗེས་སུ་ཡི་རང་ངོ་། །"[༣]ཞེས་སེམས་ཅན་རྣམས་ངན་སོང་གི་སྡུག་བསྔལ་ལས་གྲོལ་ནས་མངོན་མཐོ་ལྷ་མིའི་བདེ་བ་ཐོབ་པར་བྱེད་པའི་དགེ་བའི་རྒྱུ་དང་། དེའི་འབྲས་བུ་སྡུག་བསྔལ་ཅན་དག་བདེ་བར་གནས་པ་ལ་ཕྲག་དོག་མེད་པར་དགའ་བས་རྗེས་སུ་ཡི་རང་བའོ། །
ཐར་པ་ཙམ་གྱི་རྒྱུ་འབྲས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བ། "ཉན་རང་གི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་ཐར་པ་ཆ་མཐུན་གྱི་དགེ་བ་སོགས་བསགས་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ། དེའི་འབྲས་བུ་ལུས་ཅན་རྣམས་འཁོར་བའི་སྡུག་བསྔལ་ལས་ངེས་པར་ཐར་ནས་མྱང་འདས་ཐོབ་པ་དེ་ལ་ཡང་ཡི་རང་ངོ་། །"[༤]ཞེས་གསུངས་བ་ལྟར་ཉན་རང་གི་བྱང་ཆུབ་ཐོབ་པར་བྱེད་པའི་ཐར་པ་ཆ་མཐུན་གྱི་དགེ་བ་ཚོགས་གཉིས་ཀྱིས་བསྡུས་པ་དང་། དེའི་འབྲས་བུ་ལུས་ཅན་སེམས་ཅན་གང་དག་འཁོར་བའི་སྡུག་བསྔལ་ལས་ངེས་པར་ཐར་ནས་ཉན་རང་གི་བྱང་ཆུབ་ཐོབ་པ་ལ་དགའ་ཞིང་རྗེས་སུ་ཡི་རང་བའོ། །
བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་འབྲས་ལ་རྗེས་སུ་ཡི་རང་བ། "མཐར་ཐུག་གི་འབྲས་བུ་འགྲོ་བ་ཐམས་ཅད་ཀྱི་སྐྱོབ་པ་སངས་རྒྱས་རྣམས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་མ་ལུས་པ་རྫོགས་པའི་བྱང་ཆུབ་ཆེན་པོ་ཡོན་ཏན་རྒྱ་མཚོའི་བདག་ཉིད་དང་། གནས་སྐབས་ཀྱི་འབྲས་བུ་རྒྱལ་སྲས་བྱང་སེམས་རྣམས་ཀྱིས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་གྱིས་ལམ་གྱི་སྤངས་བ་དང་རྟོགས་པའི་ཡོན་ཏན་རྣམས་ལ་འང་ཤེས་ནས་ཡི་རང་ངོ་། །"[༥]ཞེས་མཐར་ཐུག་གི་འབྲས་བུ་སངས་རྒྱས་རྣམས་ཀྱི་རྫོགས་པའི་བྱང་ཆུབ་དང་གནས་སྐབས་ཀྱི་འབྲས་བུ་རྒྱལ་སྲས་རྣམས་ཀྱི་ས་བཅུ་དང་ལམ་ལྔར་གཏོགས་པའི་ཚོགས་གཉིས་ཀྱི་དགེ་བ་ལ་སེམས་རབ་ཏུ་དང་ལ་དགའ་ཞིང་མགུ་བས་རྗེས་སུ་ཡི་རང་བའོ། །
རྗེས་སུ་ཡི་རང་བ་ཇི་ལྟར་བྱེད་པ།
[རྩོམ་སྒྲིག]རྗེས་སུ་ཡི་རང་བ་ནི་སྒོ་གསུམ་གྱིས་བྱེད་དགོས་ཏེ། "འདིར་སེམས་རབ་ཏུ་དང་བས་དགའ་བ་དང་ལུས་འདར་ཞིང་མཆི་མ་འབྱུང་ལ་སྤུ་ཟིང་བྱེད་པ་དང་ངག་གིས་ལེགས་པར་བྱས་སོ་བཟང་པོ་ཞིག་བྱས་སོ་ཞེས་སྒོ་གསུམ་ཀ་ནས་ཡི་རང་བྱ་བར་འགྲེལ་ཆེན་སོགས་ལས་བཤད་དོ། །"[༦]ཞེས་ལེགས་པར་བྱས་སོ་རབ་ཏུ་བྱས་སོ་བཟང་པོ་ཞིག་བྱས་སོ་ཞེས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དེ་ལྟར་རྗེས་སུ་ཡི་རང་བར་བྱེད་པའོ། །
ཕན་ཡོན།
[རྩོམ་སྒྲིག]རྗེས་སུ་ཡི་རང་བ་བྱས་པའི་ཕན་ཡོན་ནི་དཔག་ཏུ་མེད་པ་འཐོབ་སྟེ། "ཕྱིར་མི་ལྡོག་པར་བྱང་ཆུབ་མཆོག་ལ་བསམ་པ་དྲག་པོ་དང་སྦྱོར་བ་ཤེས་རབ་ཀྱི་ཕར་ཕྱིན་ཉམས་སུ་ལེན་པའི་སྒོ་ནས་རབ་ཏུ་ཞུགས་པ་ཡི་གང་ཟག་བྱང་ཆུབ་སེམས་དཔའ་དེའི་དེ་ལྟར་སེམས་བསྐྱེད་པ་ལ་གཞན་ཞིག་གིས་བསམ་པ་ཐག་པས་དེའི་རྗེས་སུ་ཡི་རང་བ་བྱས་ན། སྟོང་གསུམ་གྱི་སྟོང་ཆེན་པོ་འདི་ན་ཡོད་པའི་རི་རབ་རྣམས་སྲང་ལ་གཞལ་བས་ཚད་གཟུང་དུ་རུང་གི་རྗེས་སུ་ཡི་རང་བའི་དགེ་བ་དེ་ནི་དེ་ལྟ་བུར་ཚད་གཟུང་དུ་ཡོད་པ་མིན་ནོ། །"[༧]ཞེས་གསུངས་བ་ལྟར་འདི་ནི་འབད་པ་ཆུང་ངུས་ཚོགས་རླབས་པོ་ཆེ་རྫོགས་པའི་ཐབས་ཤིག་ཡིན།
ཁྱད་པར་དུ་བྱང་ཆུབ་སེམས་བསྐྱེད་པའི་དགེ་བ་ལ་རྗེས་སུ་ཡི་རང་བ་ལ་ཕན་ཡོན་ཆེས་ཆེ་བ་ཡོད་དེ། "སེམས་དང་པོ་བསྐྱེད་པའི་བྱང་སེམས་སོགས་ཀྱི་དགེ་བ་ཁྱད་པར་ཅན་ལ་རྗེས་སུ་ཡི་རང་བ་ལ་ཕན་ཡོན་དཔག་ཏུ་མེད་པ་འཐོབ་སྟེ། སྡུད་པ་ལས། མི་ལྡོག་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པ་ཡི། །སེམས་བསྐྱེད་པ་ལ་བསམ་པ་ཐག་པས་ཡི་རང་ན། །སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །"[༨]ཞེས་གཞན་གྱི་དགེ་བྱས་ལ་རྗེས་སུ་ཡི་རང་བྱས་ན་ཕན་བརླབ་ཆེན་པོ་ཡོད་པར་གསུངས།
བསྡུས་དོན།
[རྩོམ་སྒྲིག]རྗེས་སུ་ཡི་རང་ནི་རང་གཞན་གྱི་དགེ་བ་ལ་ཕྲག་དོག་མེད་པར་སྙིང་ནས་དགའ་བ་དང་མགུ་བའི་སེམས་བསྐྱེད་པ་ལ་ཟེར། འདི་ནི་མངོན་མཐོའི་དགེ་བ། ཐར་པ་ཙམ་གྱི་དགེ་བ། བླ་ན་མེད་པའི་བྱང་ཆུབ་ཀྱི་དགེ་བ་བཅས་རྒྱུ་འབྲས་གཉིས་ཀར་སྦྱར་ཏེ་བསྒོམ་དགོས། སྒོ་གསུམ་གྱིས་ཡི་རང་བ་བྱེད་པ་ཡིན་ཞིང་། དེའི་ཕན་ཡོན་ནི་འབད་པ་ཆུང་ངུས་བསོད་ནམས་རྒྱ་ཆེ་འཐོབ་པའི་ཐབས་མཆོག་ཡིན། རྗེས་སུ་ཡི་རང་བ་འདི་ནི་བྱང་ཆུབ་སེམས་འགྲུབ་པའི་ཚོགས་བསགས་པའི་ཡན་ལག་གལ་ཆེ་ཞིག་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 58-59
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 19a
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོང་ངོས། 51-52
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། 52
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 167
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། 151
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན། ལག་བྲིས། ཤོག་ངོས། 88b
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། 152