རྗེས་ཐོབ་
རྗེས་ཐོབ།
[རྩོམ་སྒྲིག]ཉམ་ཤག་ཡི་ཤེས་ཀྱི་རྗེས་སུ་བྱུང་བས་ན་རྗེས་ཐོབ་པ་དང་། དེའི་རྒྱུད་ཀྱི་ངེས་འབྱུང་གི་བསམ་པ་དང་སྙིང་རྗེ་དང་། བྱམས་པ་བཅས་ལ་རྗེས་ཐོབ་ཡེ་ཤེས་ཞེས་ཟེར་རོ། ། རྗེས་ཐོབ་ཅེས་པ་ནི་མཉམ་པར་བཞག་པའི་ཡེ་ཤེས་ཀྱི་རྗེས་སུ་ཐོབ་པའི་རྣལ་འབྱོར་གྱི་གནས་སྐབས་ལ་གོ་དགོས། དེ་ཡང་རིམ་གྱིས་རྣལ་འབྱོར་པ་རྣམས་ཀྱིས་ཏིང་ངེ་འཛིན་གྱི་མཉམ་བཞག་ནས་ལངས་ནས་རྣམ་གཡེང་གི་གནས་སྐབས་སུ་སྤྱོད་པའི་ཚེ་ཡང་སྔོན་གྱི་ལྟ་བའི་ནུས་པས་སྤྱོད་པའི་གནས་སྐབས་ལ་ཟེར།
སྒྲ་བཤད།
[རྩོམ་སྒྲིག]རྗེས་སུ་ཐོབ་པ་ཞེས་པའི་དོན་ཏེ། མཉམ་པར་བཞག་པའི་རྗེས་སུ་ཐོབ་པའི་གནས་སྐབས་ལ་ཟེར་བ་ཡིན།
ནང་དོན།
[རྩོམ་སྒྲིག]མཉམ་བཞག་དང་རྗེས་ཐོབ་ཀྱི་དབྱེ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྒྱུད་ལ་བསྐྱེད་པར་བྱ་བ་ལ་གཉིས་ཡོད་དེ། "རྗེས་ཐོབ་ཏུ་བྱ་བ་དང་། མཉམ་བཞག་ཏུ་བསྒོམ་པ་གཉིས།"[༡] བྱང་ཆུབ་སེམས་དཔའི་རྗེས་ཐོབ་ཀྱི་སྤྱོད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་"འདི་ཁོ་ན་ལྟར་སྤྱོད་པར་བྱེད་ཅིང་རྗེས་ཐོབ་ཏུ་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་དམིགས་ཡུལ་དུ་སྣང་བའི་སེམས་བདེན་པ་ཅན་གྱི་འདུ་ཤེས་མེད་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་འདི་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །"[༢]རྗེས་ཐོབ་ཏུ་སྤྱོད་པའི་ཚུལ། བྱང་སེམས་ཀྱི་རྗེས་ཐོབ་ཏུ་ནི་ལྷ་མི་སོགས་ཀྱི་སྐྱེ་བ་སྣ་ཚོགས་དང་བྱ་བ་མང་པོ་དང་སྒྱུ་མ་ལྟ་བུར་སྟོན་ཀྱང་། དེ་ལ་བདེན་ཞེན་གྱིས་རྣམ་པར་མི་རྟོག་ཅིང་འབད་རྩོལ་རགས་པ་དང་བྲལ་བར་སྤྱོད་དོ། །[༣]
དབྱེ་བ།
[རྩོམ་སྒྲིག]རྗེས་ཐོབ་ཏུ་བྱ་བའི་རིམ་པ། རྗེས་ཐོབ་ཏུ་བྱ་བ་ལ་"བསོད་ནམས་སྤེལ་བའི་རྒྱུ་ཡི་རང་། ཆུད་མི་ཟ་བའི་རྒྱུ་བསྔོ་བ། གོང་ནས་གོང་དུ་འཕེལ་བའི་རྒྱུ་མོས་པ་གསུམ་"[༤]ཡོད་དོ། །
ཁྱད་ཆོས།
[རྩོམ་སྒྲིག]རྗེས་ཐོབ་ཀྱི་གནས་སྐབས་འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྒྱུ་མའི་སྤྲུལ་པ་དང་འདྲ་བར་བྱ་བ་ཐམས་ཅད་སྟོན་ཀྱང་དྲེགས་པ་མི་སྐྱེ་ལ། ཡེ་ཤེས་ཀྱིས་བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།