Jump to content

རྗེ་རྒྱ་ནག་པ་ཡོན་ཏན་རྒྱ་མཚོ་

ཡོང་ཁུངས་Wikipedia

རྗེ་རྒྱ་ནག་པ་སྐུ་ཕྲེང་བཞི་བ་ཡོན་ཏན་དམ་ཆོས་བསྟན་པའི་ཉི་མ་དཔལ་བཟང་བོ་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་མེ་མོ་ཕག་(༡༩༤༧)ལོའི་ཧོར་ཟླ་༥བའི་ཚེས་༡༥ཉིན་མཛོད་དགེ་བཞག་ལྡོམ་གྱི་འབྲོག་ཁྱིམ་ཞིག་ནས་ཡབ་ཁྱི་གུ་ཐར་དང་ཡུམ་དབྱངས་ཅན་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྔ་རྗེས་སུ་མཁས་བཙུན་བཟང་གསུམ་འཛོམས་པའི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་མདོ་སྔགས་ཀྱི་གཞུང་དང་ཐུན་མོང་རིག་གནས་ལ་གསན་སྦྱོང་རྒྱ་ཆེར་མཛད་པས་མཁས་པའི་ཡང་རྩེར་སོན། རབ་བྱུང་བཅུ་བདུན་པའི་མེ་མོ་ཡོས་ལོར་(༡༩༨༧)སྐྱབས་མཆོག་རིན་པོ་ཆེ་བློ་བཟང་རྣམ་རྒྱལ་ལུང་རིགས་སེང་གེ་མཆོག་གི་བཀའ་གསུང་སྤྱི་བོར་བླངས་ཏེ། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་ཞབས་ཟུང་བཀོད། རྗེ་ཉིད་སློབ་གྲྭ་འདིར་བཞུགས་རིང་ཐུགས་སྐུའི་བཀོད་པ་ཡོད་ཚད་སློབ་གྲྭའི་སློབ་གསོའི་དོན་དུ་གནང་ཞིང་སྔར་ཡོད་སློབ་གྲྭའི་སྒྲིག་འཛུགས་སྟེང་བོད་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་སློབ་གསོའི་ཐབས་ལམ་གྱིས་ཟུར་རྒྱན་ཏེ། སློབ་གྲྭ་འདིའི་དགེ་སློབ་ཀུན་གྱི་བསམ་སྤྱོད་དང་ཡོན་ཏན་གཉིས་ཆར་འཕེལ་རྒྱས་བླ་ལྷག་ཏུ་བྱུང་བས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་རིམ་པས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། ཁོང་གི་སྐུའི་སྙུང་གཞི་ཅི་འདྲ་ལྕི་ཡང་ཆེས་མཐའ་མཇུག་གི་གོ་སྐབས་ཕྲ་མོ་དེ་ཡང་སློབ་གསོའི་དོན་དུ་གནང་བའི་ལྷག་བསམ་གྱིས་བསྐྱལ་ཏེ། མཐར་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་རྟ་(༡༩༩༠)ལོའི་ཧོར་ཟླ་༥བའི་ཚེས་༡༨ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༣གྱི་ཐོག་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་བསྟན་ནོ།།

  ད་ལྟའང་ད་དུང་འདིར་བཞུགས་དགེ་སློབ་ཡོངས་ཀྱིས་རྗེ་ཉིད་ཀྱི་བླ་ན་མེད་པའི་ཐུགས་བསྐྱེད་ཀྱི་བྱ་གཞག་དང་དགོངས་རྩལ་ལས་ཐོན་པའི་གནའ་དེང་ཟུང་འབྲེལ་དང་། མཐུན་སྒྲིལ་རྒན་བཀུར་འབད་ཁྲིད་བརྩོན་སློབ་ཀྱི་སློབ་གསོའི་ཐུགས་བཞེད་བླ་ན་མེད་པ་འཛིན་སྐྱོང་ལྷུར་ལེན་བྱེད་པའི་སྒང་ལགས།