རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་

ཡོང་ཁུངས་Wikipedia

ས་སྐྱའི་བླ་མ་འདི་ཉིད་སྲོང་བཙན་གྱི་བློན་ཆེན་མགར་སྟོང་བཙན་གྱི་རྒྱུད་དུ་གྲགས་ཤིང་། དཔལ་ལྡན་ས་སྐྱ་དང་ཁད་ཉེ་བའི་རེད་མདའ་ཁ་བར་སོར་རབ་བྱུང་དྲུག་པའི་ས་གླང(༡༣༤༩)ལོར་སྐུ་བལྟམས། དགུང་ལོ་བཅོ་བརྒྱད་པ་ལ་ས་བཟང་མ་ཏིའི་དྲུང་དུ་ཚིགས་སྔ་མ་གཉིས་ནོད་དེ་མཚན་གཞོན་ནུ་བློ་གྲོས་ཞེས་གསོལ། སྐུ་གཞོན་ནུའི་དུས་དཔལ་ས་སྐྱར་མཁས་པ་ཉ་དབོན། མཁན་ཆེན་སངས་རྒྱས་འཕེལ། དཔལ་ལྡན་བླ་མ་དམ་པ། ལོ་ཆེན་བྱང་རྩེ། རྒྱལ་སྲས་པ་སོགས་ལས་ཚད་མ། ཕར་ཕྱིན། མངོན་པ་གོང་འོག་བློ་སྦྱོང་སོགས་རྒྱལ་བའི་བསྟན་པ་ལུང་གི་ཆོས་མཐའ་དག་ལེགས་པར་གསན་སྦྱོང་མཛད། མཁན་ཆེན་ཀུན་དགའ་དཔལ་ལས་པར་གསན་སྦྱོང་མཛད། མཁན་ཆེན་ཀུན་དགའ་དཔལ་ལས་བསྙེན་པར་རྫོགས་ཤིང་། འདུལ་བ་དང་ལམ་འབྲས་གསན། དེ་ནས་ལོ་ཙཱ་བ་སྐྱབས་མཆོག་དཔལ་སོགས་ལས་གསང་འདུས་ཀྱིས་མཚོན་པའི་རྒྱུད་མན་ངག་དང་། མཁན་ཆེན་བྱང་སེང་ལས་དབུ་མ་གསན་ནས་རྣམ་དཔྱོད་ཀྱིས་དཔྱད་པས་དབུ་མ་ཐལ་འགྱུར་བའི་གནས་ལ་ངེས་པ་རྙེད། རྒྱུད་གསང་བ་འདུས་པ་དང་། དབུ་མ་ཐལ་འགྱུར་བའི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ། རྗེ་འདི་ནི་རྣམ་དཔྱོད་ཀྱི་རྩལ་ཡངས་ཤིང་མཁྱེན་སྟོབས་ཆེ་བས་མདོ་རྒྱུད་དགོངས་འགྲེལ་ལེགས་པར་སྦྱར་བའི་དོན་གྱིས་བསྟོན་བཅོས་དེའི་རྩ་འགྲེལ་ལེགས་པར་སྦྱར་བའི་དོན་གྱི་ལུས་ཡོངས་སུ་རྫོགས་པ་ཁོག་པ་བསྒྲིགས་ཏེ་རང་རང་གི་ལུགས་མ་འདྲེས་པར་ཐུགས་སུ་ཆུད་ཅིང་རིགས་པའི་ལམ་ནས་མཐའ་དག་པར་དྲངས་ཏེ་གཞན་ལ་འདོམས་པར་ཐོགས་པ་མི་མངའ་ཞིང་། བུལ་རོང་གི་དབེན་གནས་སུ་ལོ་བཅུ་གཉིས་བཞུགས་པའི་ལོ་ལྔ་རྩོད་སྒོམ་གཙོ་བོར་སྟོན་པའི་ཐུགས་དམ་ཉམས་བཞེས་ཁོ་ན་མཛད། ལོ་བདུན་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་ཉམས་ཁྲིད་ལེགས་བཤད་ཀྱི་དགའ་སྟོན་སྤེལ། ཁྱད་པར་དབུ་ཚད་ཀྱི་རིགས་ལམ་ཐམས་ཅད་དུས་ཕྱིས་ནུབ་ནས་མིང་ཙམ་དུ་གྱུར་པ་ན་རང་སྟོབས་ཀྱིས་དབུ་ཚད་ཀྱི་རིག་པའི་ལམ་སྲོལ་ཕྱེ་ནས་བྱང་ཕྱོགས་ཀྱི་མཁས་པ་ཀུན་གྱི་མགོ་བོ་ལ་བཀའ་ཕྲེང་བ་ངལ་གསོ་བགྱིས་པའི་ཤིང་རྟ་ཆེན་པོར་གྱུར། རྩོམ་པ་མཛད་པ་ལ། འཛམ་གླིང་མཛེས་པའི་རྒྱན་མཆོག་དཀའ་ཆེན་བཞི། རྩ་འཇུག་གཞི་གསུམ་ཐེག་ཆེན་རྒྱུད་བླ་མ། ཆོས་མངོན་མཛོད་དང་དཔལ་ལྡན་འདུས་པ་སྟེ། རྣམ་བཤད་མཛད་པའི་གཞུང་ལུགས་བཅུ་ཕྲག་གཅིག ཅེས་ན་ལྟར་ཟབ་ཆོས་མང་དུ་ལྗགས་རྩོམ་གནང་ཞིང་། གསུང་ལས་སྐྱེས་པའི་སློབ་མ་ཡང་། སྦྱངས་པའི་མཆོག་གྱུར་ཀུན་མཁྱེན་ཤེར་འོད་དང་། སྲས་ཀྱི་མཆོག་གྱུར་བློ་བཟང་གྲགས་པ་དང་། ལྟ་བའི་མཆོག་གྱུར་གོན་གྱོ་ཉི་མ་གྲགས། ཉམས་ལེན་མཆོག་གྱུར་ཀུན་དགའ་དཔལ་བཟང་པོ་རྩོམ་ལྡན་མཆོག་གྱུར་དཔལ་འབྱོར་ཤེས་རབ་དང་། འཆད་མཁས་མཆོག་གྱུར་བསོད་ནམས་ཤེས་རབ་དང་། རྩོད་བཟང་མཆོག་གྱུར་དར་མ་རིན་ཆེན། དེ་བཞིན་བྱང་པ་བཀའ་བཅུ་པ་དགེ་ལེགས་དཔལ་སོགས་དང་། ཕར་ཚད་ཤེས་པའི་སློབ་མ་བརྒྱ་ཕྲག་བརྒལ་བ་བྱུང་ངོ་། དེ་ལྟ་བུའི་སྐྱེས་བུ་འདི་ནི། དགུང་ལོ་དྲུག་ཅུ་རེ་བཞེ་ལ་ཕེབས་པ་རབ་བྱུང་བདུན་པའི་ཆུ་འབྲུག་(༡༤༡༢)ལོར་དགོངས་པ་གཞན་དོན་དུ་གཤེགས་སོ།