རྗེ་བཙུན་ཏཱ་ར་ན་ཐ་

ཡོང་ཁུངས་Wikipedia

རྗེ་བཙུན་ཏཱ་ར་ན་ཐའི་རྣམ་ཐར་མདོར་བསྡུས།

རྭ་ཡི་རུས་བརྒྱུད་དུ་གྲགས་པའི་རྗེ་བཙུན་ཏཱ་ར་ན་ཐ་ནི། དབུས་དང་གཙང་གཉིས་ཀྱི་མཚམས་དབུས་ཀྱི་ཁོངས་སུ་ཇོ་མོ་ཁ་རག་དང་ཉེ་བའི་སར། ཆོས་རྗེ་ཀུན་དགའ་སེང་གེས་བཏབ་པའི་ཆོས་འཁོར་སྡིངས་ཀྱི་དགོན་གནས། འབྲང་ཞེས་པའི་ཡུལ་དུ། ཡབ་རྣམ་རྒྱལ་ཕུན་ཚོགས་དགུང་ལོ་ཞེ་དྲུག་པ་དང་། ཡུམ་རྡོ་རྗེ་བུ་དགའ་དགུང་ལོ་བཅུ་དགུ་པ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་པའི་ཤིང་ཕག(༡༥༧༥)ལོའི་ཟླ་བ་དྲུག་པའི་ཚེས་བརྒྱད་ཀྱི་ཉི་མ་རྩེ་ཤར་ལ་སྐུ་བལྟམས་སོ། །

བལྟམས་མ་ཐག་པའི་དུས་སུ་གྲོད་བུས་གཡོགས་པའི་རྣམ་པ་ཅན་དུ་ཡོད་པས། མེས་པོའི་ལྡེ་མིག་གིས་གྲོད་བུའི་རྒྱ་དྲལ་བ་སོགས་ཀྱི་རྟེན་འབྲེལ་མཛད། སྐབས་དེར་ཁྱེའུ་སྐྲ་དཀར་པོ་ཡེང་ཡེང་བ་ཞིག་ཡོད་པས། མེས་པོས་ཁྱེའུ་སྐྲ་དཀར་པོ་འདིའི་རིགས་ལ་ཤེས་རབ་ཆེན་པོ་ཡོང་བས། གྲིབ་ཀྱིས་མ་བསྒྲིབས་པར་གྱིས་གསུངས། མིང་སྲི་གཅོད་རྡོ་རྗེ་བཏགས། དགུང་ལོ་གཉིས་པ་ཙམ་ལ། འཁྲུ་ནད་དྲག་པོས་བཏབ་སྟེ་སྣའང་ཞོམ་ཞིང་། ཕལ་ཆེར་འཆི་བར་ཉེ་བ་ན། ཨ་ཁུས་སྨན་བཅོས་མཛད་དེ་རིམ་གྱིས་དྭངས། འོན་ཀྱང་ལོ་འགའི་བར་སྨྲ་བ་ཉུང་བས་ཀུན་གྱིས་ལྐུགས་པ་ཞིག་ཡོང་ངམ་སྙམ་པ་བྱུང་། དགུང་ལོ་བཞི་པར་ཕེབས་པ་ན། སྨྲ་ཤེས་པར་གྱུར་ཅིང་རྒྱུན་དུ་ང་བླ་མ་ཀུན་དགའ་གྲོལ་མཆོག་ཡིན། ཉེ་གནས་དཔལ་འབྱོར་ཟེར་བ་ཞིག་ཡོད་ཟེར་བ་བྱུང་། བྱིས་པའི་བླ་རྡོལ་གྱི་གཏམ་དེ། ཡར་འབྲོག་ཁྲི་དཔོན་བསྟན་འཛིན་དབང་རྒྱལ་སོགས། ཀུན་དགའ་གྲོལ་མཆོག་གི་ཡོན་བདག་བུ་ཆེན་རྣམས་ཀྱི་སྙན་ལམ་དུ་སོང་། དེ་དག་གིས་བསྐུལ་མའི་འོག་ཇོ་ནང་མཁན་པོ་ལུང་རིགས་རྒྱ་མཚོས། ཇོ་ཁང་བླ་མ་ཀུན་དགའ་གྲོལ་མཚོག་གི་སྐྱེ་ཕྲེང་དུ་ངོས་འཛིན་མཛད། ལོ་དེའི་ཟླ་བ་དགུ་པའི་ཚེས་ཉེར་ལྔར་བཏེག་སྟེ་ཇོ་དགོན་ཕྱོགས་སུ་བྱོན། ཡབ་ཡུམ་གྱིས་བཀྲ་ཤིས་བྲག་གི་བར་སྐྱེལ་མ་མཛད་དེ། རིམ་བགྲོད་ཀྱིས་རྒྱལ་རྩེར་སླེབས། དེར་ཟླ་ཕྱེད་བཞུགས་རིང་མཁས་གྲུབ་སངས་རྒྱས་ཡེ་ཤེས་མཇལ། དེས་ཐུགས་དགྱེས་པ་ཆེན་པོས་དུས་འཁོར་གྱི་དབང་ཞིག་ཀྱང་བསྩལ། དེ་ནས་རིམ་བཞིན་གསེར་མདོག་ཅན་དུ་ཕེབས། ཞག་ལྔ་ཙམ་ནས་བཏེག་རི་ཁྲོད་ཆེན་པོ་ཇོ་མོ་ནང་དུ་འབྱོར། ཕེབས་ལམ་དུ་ཟླ་བ་གཉིས་ཙམ་འགོར། མི་རིང་བར་ཆོ་འཕྲུལ་དུས་ཆེན་ཚུགས། ཆོ་འཕྲུལ་དུས་ཆེན་གྲོལ་རྗེས་རྡོ་རིང་པ་ཆེན་པོ་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་དྲུང་དུ་སྒྲོལ་དཀར་གྱི་རྗེས་གནང་ཐོག་མའི་རྟེན་འབྲེལ་དུ་ཞུས། དེ་མིན་གྱི་དབང་དང་རྗེས་གནང་སོགས་མང་དུ་ཞུས། གཞན་ཡང་རྗེ་བཙུན་བྲག་སྟོད་པ་དང་། ཇོ་ནང་རྗེ་དྲུང་རིན་པོ་ཆེ་བཅས་ལའང་ལུང་རྗེས་གནང་འགའ་ཞིག་ཞུས། ཡར་ལམ་ཡོད་བདག་རྣམས་ཀྱིས་ཕུལ་བའི་དངོས་རྫས་སུམ་ཆ་ཙམ་སྨོན་འགྲོ་བར་ཕུལ་ཞིང་ཡོན་མཆོད་འབྲེལ་ཟབ་བྱས། འོན་ཀྱང་བརྗོད་གླེང་སྣ་ཚོགས་ལ་བརྟེན་ནས། སྨོན་འགྲོ་བ་སྐུ་མཆེད་དང་འབྲེལ་བ་ལེགས་པོ་རང་མ་བྱུང་།

དགུང་ལོ་དྲུག་པ་ལྕགས་ཕོ་འབྲུག་ལོའི་ཟླ་བ་དང་པོའི་ཚེས་གཅིག་ལ་ཀློག་སློབ་པའི་དབུ་བཙུགས། སྦྱོར་ཀློག་ལོ་གཅིག་ལྷག་ལ་མཐར་ཕྱིན། དེ་ནས་བློར་འཛིན་གྱི་དབུ་ཚུགས། གཏིང་སྐྱེས་ཆོས་གྲྭར་ལོ་ཕྱེད་ཙམ་བཞུགས། དེ་ནས་སྟག་ལུང་རྫོང་བརྒྱུད་ཆོས་སྡེ་བླ་བྲང་དཀར་པོར་ལོ་ཕྱེད་ལྷག་བཞུགས། སྐབས་དེའི་ལོ་གཅིག་ལྷག་ལ་ཆོས་སྤྱོད་རྣམས་བློ་ལ་ཆུད་ཅིང་། དབང་རྗེས་གནང་སོགས་ཆོས་བཀའ་དཔག་ཏུ་མེད་པ་ཐོབ།

དགུང་ལོ་བརྒྱད་པ་ཆུ་ཕོ་རྟ་ལོའི་ཟླ་བ་དང་པོའི་ཚེས་ཉེར་ལྔར་ཇོ་དགོན་ཆོས་ལུང་དུ་ཕེབས། གསེར་མདོག་ཅན་གྱི་མཁན་སློབ་རྣམས་དང་། ཇོ་ནང་པའི་སྒྲུབ་པ་མོ་ཀུན་ཁོང་མཇལ་བར་ཡོང་། ཆོ་འཕྲུལ་དུས་ཆེན་སྐབས་སུ་ཚོགས་ལ་ཕེབས། མཁན་རིན་པོ་ཆེའི་ཞབས་དྲུང་དང་། བླ་མ་འཇམ་དབྱངས་སོགས་ཀྱིས། མཁས་དབང་བྱམས་པ་ལྷུན་གྲུབ་ཉིད་ནི་མཁས་བཙུན་གྱི་ཡོན་ཏན་དང་ལྡན་ཞིང་། རྗེ་གོང་མའི་དངོས་སློབ་དྲི་མ་མེད་པ་ཡིན་པས། ཁྱེད་ཀྱི་སློབ་དཔོན་དུ་བསྟེན་འོས་ཞེས་སློབ་དཔོན་དུ་བསྐོས། ཟླ་བ་གཉིས་པའི་ཚེས་གཅིག་ཉིན་སློབ་དཔོན་གྱི་མདུན་དུ། ཚད་མ་རིགས་གཏེར་བློར་འཛིན་གྱི་འགོ་བརྩམས། ཟླ་བ་ལྔ་ཙམ་ལ་བློར་ཆུད། ཆོས་མཛད་ཀུན་རྒྱན་པ་སོགས་བྱང་སྟག་ལུང་དུ། སྟག་ལུང་པ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་གདན་འདྲེན་དུ་མངགས། ཟླ་བ་བདུན་པའི་ཚེས་བཅུ་བདུན་ཉིན་སྟག་ལུང་པ་ཆོས་ལུང་དུ་འབྱོར། ཁོང་གི་མདུན་ནས་བཀའ་གདམས་གླེགས་བམ་གྱི་ལུང་ཞུས། ལོ་དེའི་ཟླ་བ་བརྒྱད་པའི་ཚེས་ལྔའི་སྔ་མོར་ཆོས་ལུང་བྱང་རྩེའི་མཆོད་ཁང་གི་ཡང་ཐོག་ཏུ་ཕེབས་ཏེ། མ་ཆེན་ཆོས་ཡེ་པས་དབུ་སྐྲ་བྲེགས་པ་སོགས་རབ་བྱུང་གི་རྟགས་མིན་པ་རྣམས་ཡོངས་སུ་དོར་ནས། སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ལ་རྗེ་སྟག་ལུང་པ་ཆེན་པོའི་སྤྱན་སྔར་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས། གོས་ངུར་སྨྲིག་གི་རྒྱལ་མཚན་ལེགས་པར་མནབས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །དེ་ནས་མི་རིང་བར་རྗེ་སྟག་ལུང་པ་དཔོན་སློབ་ཤར་ཕྱོགས་སུ་ཕེབས། འཇམ་དབྱངས་ཀུན་དགའ་རྒྱལ་མཚན་ལ་། ས་སྐྱ་དཀར་པོ་རྣམ་གསུམ་བཀའ་འབུམ་གྱི་ལུང་དང་། རྗེ་བཙུན་གྲུབ་པའི་དབང་ཕྱུག་ལ་རས་ཆུང་སྙན་བརྒྱུད་ཀྱི་ཆོས་རྫོགས་པར་ཞུས། རྟ་ལོའི་སྐེད་ཙམ་ནས་ཆོས་ལུང་དུ་བག་མི་ཕེབས་པའི་སྣང་བ་ཤ་སྟག་འཆར་ཞིང་། རྨི་ལམ་སོགས་དམིགས་ལྟས་ངན་པ་འགའ་བྱུང་བར་བརྟེན། སྨོན་འགྲོ་ཞལ་ངོ་དང་བསྡེབས་ཏེ་ཇོ་ནང་དུ་ཕེབས། སྨོན་འགྲོ་བས་ཀྱལ་ཀའི་ཚུལ་གྱིས་ཁོང་ལ། འཇིག་རྟེན་མ་ནུས་པའི་ཁར་ཆོས་ཀྱང་མ་ནུས་པ་ཞིག་འོང་བས། ཀུན་དགའ་མ་ནུས་བཏགས་ན་ཡོང་བ་འདྲ་ཟེར། སླད་ནས་མིང་དེ་རྒྱུན་ཆགས་སུ་གྱུར། སྐབས་དེར་ཡབ་འབྲང་ནས་ཕེབས་པ་མཇལ་ཞིང་མེས་པོ་ཆོས་དབྱིངས་སུ་གཤེགས་པའི་གནས་ཚུལ་ཤེས། ཞྭ་ལུ་དང་སྣར་ཐང་གཉིས་སུ་ཇ་འགྱེད་དང་། ཐང་ག་གསུམ་ཙམ་བཞེངས་ནས་མེས་པོ་འདས་པའི་དགོངས་རྫོགས་བསྒྲུབས།

དེ་ནས་ལོ་བདུན་ལྷག་རིང་། མཁན་པོ་ལུང་རིགས་རྒྱ་མཚོ། སློབ་དཔོན་བྱམས་པ་ལྷུན་གྲུབ། ཇོ་ནང་རྗེ་དྲུང་སོགས་སློབ་དཔོན་མང་པོར་བསྟེན་ནས་མདོ་སྔགས་ཀྱི་གཞུང་མང་པོ་བློར་འཛིན་དང་གོ་བའང་ལེགས་པར་བྱུང་། ཁྱད་པར་རྗེ་བཙུན་སྦས་པའི་སངས་རྒྱས་བུངྔྷ་གུ་བྟ་ནཱ་ཐའི་སྤྱན་སྔར་ཐེག་པ་བླ་མེད་ཀྱི་སྐོར་དོགས་གྲོལ་མང་པོ་མཛད་ཅིང་། གསང་སྔགས་ཀྱི་གཞུང་ལ་གོ་བ་རྒྱ་ཆེན་ཐོབ། བར་མཚམས་རྣམས་སུ་བསྙེན་མཚམས་སོགས་ཀྱང་ཐེངས་འགར་བཞུགས། དབུས་སུ་མཇལ་སྐོར་ཐེངས་ཤིག་ཀྱང་ཕེབས། ཡོས་ལོའི་ལོ་སྟོད་ལ་མཁན་པོ་ལུང་རིགས་རྒྱ་མཚོ་ཞི་བའི་དབྱིངས་སུ་གཤེགས། བླ་མ་དྲན་པའི་གདུང་ཤུགས་ཀྱིས་མཆི་མ་རང་དབང་མེད་པར་ཤོར། གསེར་གླིང་དུ་ཕེབས་ནས་སྐུ་གདུང་ཞུགས་འབུལ་མཛད།

དགུང་ལོ་བཅུ་བདུན་པ་ལྕགས་མོ་ཡོས་ཀྱི་ལོའི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། འཇམ་དབྱངས་ཀུན་དགའ་རྒྱལ་མཚན་གྱིས་མཁན་པོ་དང་། སློབ་དཔོན་བྱམས་པ་ལྷུན་གྲུབ་ཀྱིས་ལས་སློབ་མཛད་དེ། དགེ་འདུན་གྲངས་ཚང་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་མནོས།

དེ་ནས་དགུང་ལོ་སུམ་ཅུའི་བར་ལོ་བཅུ་གསུམ་རིང་དབུས་ལྷ་ལྡན་དུ་ཐེངས་གཉིས་པ་ཕེབས་ནས་རིས་མེད་བླ་དཔོན་རྣམས་ལ་དབང་རྗེས་གནང་སོགས་གསང་སྔགས་ཀྱི་དམ་ཆོས་མང་པོ་བསྩལ། སྟག་ལུང་པ་དང་ཀརྨ་པ་ཞྭ་དམར་སྤྲུལ་པའི་སྐུ་སོགས་ལ་བཀའ་བརྒྱུད་པའི་ཆོས་ཐེངས་མང་པོ་ཞུས། གཞན་ཡང་ས་སྐྱ་དང་དགེ་ལྡན་པའི་ཆོས་སྐོར་ཡང་མང་པོ་ཞུས། རྗེ་དྲུང་འདས་རྗེས་ཇོ་ནང་པའི་གདན་སར་བཞུགས་ཏེ་དགོན་རྒྱ་བསྐྱེད་དང་རྟེན་གསར་བཞེངས་རྒྱ་ཆེ་བ་མཛད། རྒྱ་གར་ཤར་ཕྱོགས་ཀྱི་སློབ་དཔོན་ནིརྦཱ་ཎ་ཤྲཱི་ལ་གསང་སྔགས་སྐོར་གྱི་དྲི་བ་མང་དུ་བྱས་པས་དོགས་གནད་མང་པོ་གྲོལ། བྷང་ག་ལའི་པཎྜི་ཏ་པུརྣ་ན་ནྡ་སྟེ་གང་བ་ཀུན་དགའ་ལས། བྷ་ར་ཏ་དང་རཱ་མ་ཡ་ཎའི་གཏམ་རྒྱུད་སོགས་ཐོས། བར་བར་རྣམས་སུ་བསྙེན་མཚམས་ཀྱང་ལོ་འགར་བཞུགས།

དགུང་ལོ་སོ་གཅིག་བཞེས་པ་ན། ཇོ་ནང་དུ་བཤད་འཁྲིད་བཙུགས། དེ་དུས་ལྷ་རྩེའི་རྫོང་དཔོན་ཨེ་བདག་པོ་དང་། ནོར་རྒྱས་པ་སྦྲེལ་མས་འཛིན་པའི་སྐབས་ཡིན། སྐབས་དེར་སོག་དམག་གཙང་དུ་འཛུལ་ནས། གཙང་པའི་སྡེ་པ་ཀར་བསྟན་པར་རྒོལ་བའི་དུས་ཟིང་ལངས། གཙང་གི་དགོན་སྡེ་མང་པོ་བཤིག་སྟེ། གསེར་ཆོས་རྣམས་བསྡེབས་ནས་མེ་ལ་བཞུགས། དམག་དཔོན་དང་བླ་དཔོན་རྣམས་ཀྱིས་བགོ་བཤའ་བྱེད་པ་མཐོང་བས་ཁོང་ཡིད་སྐྱོ་བ་ཚད་མེད་བསྐྱེད། ཇོ་ནང་དུ་དམག་སང་འོང་གནངས་འོང་གི་འཇིགས་པས་མནར་ཡང་ཁྲིད་རྒྱུན་ཆད་མེད་པར་མཛད་ཐུབ་སོང་། ཁོང་གིས་གཙོ་བོར་གསང་སྔགས་ཀྱི་བཤད་པ་རྒྱ་ཆེན་མཛད་ཅིང་། སྐབས་དེ་ནས་ཇོ་ནང་གི་གྲུབ་མཐའི་རྩེར་སོན། དགོན་གསར་སྐྲུན་དང་གསེར་ཟངས་ཀྱི་བྱམས་སྐུ་སོགས་རྟེན་ཁྱད་འཕགས་མང་དུ་བཞེངས་ཤིང་རབ་གནས་མཛད། ཇོ་ནང་བླ་བྲང་གསར་དུ་བཏབ། ཁོང་དགུང་གྲངས་སོ་བརྒྱད་པར་བྲིས་པའི་རང་རྣམ་དུ། རང་ཉིད་ལྟ་བ་མཆོག་ཏུ་འཛིན། སངས་རྒྱས་པའི་གྲུབ་མཐའ་གཞན་རྣམས་ལ་དགྲར་ལྟ། མུ་སྟེགས་ལ་སོགས་པའི་མིང་ཡང་ཐོས་སུ་མི་རུང་བ་སྐད་བྱེད་དེ། བློ་ཆུང་ཤེས་རབ་ཅན་དུ་རེ་བ་ཡ་རེ་ཆ་སོགས་གསུངས་ནས་ཕྱོགས་རིས་ཅན་ལ་བཀྱོན་པ་མཛད་ཅིང་། རང་ཉིད་གྲུབ་མཐའ་ཀུན་ལ་ཕྱོགས་རིས་མེད་པར་མཛད།

དགུང་ལོ་སོ་གཅིག་ནས་སོ་བརྒྱད་བར་ལོ་བརྒྱད་རིང་བཤད་ཁྲིད་དང་ཇོ་ནང་དགོན་མ་ལག་ཞིག་གསོ་དང་གསར་བསྐྲུན། ནང་རྟེན་གསར་བཞེངས། རིས་མེད་བླ་དཔོན་རྣམས་ལ་དམ་ཆོས་སྤེལ་བ་སོགས་མཛད། དགུང་ལོ་སོ་དགུ་པའི་ཟླ་བ་བཞི་པའི་ཚེས་བཅོ་ལྔར་ཡབ་རྣམ་རྒྱལ་ཕུན་ཚོགས་སྐུ་གཤེགས། སྐྱོ་བ་ཚད་མེད་ངང་ནས་དགོངས་རྫོགས་ལེགས་པར་བསྒྲུབས། ཡུན་མི་རིང་བར་སྙུན་གྱིས་བཏབ་སྟེ་ཁྲག་མང་པོ་བསྐྱུགས། མགོ་ལུས་རུས་ཚིགས་ཐམས་ཅད་ན། ལུས་ཟུངས་ཆུང་ཞིང་དང་ཁ་འགག་པ་དང་། རྟག་པར་མགོ་ཡུ་འཁོར་བ་བཅས། ཡུན་རིང་ཙམ་སྙུངས། དགུང་ལོ་ཞེ་གཅིག་པ་རབ་བྱུང་བཅུ་པའི་ཤིང་མོ་ཡོས་ལོ་ཟླ་བ་གསུམ་པའི་ཚེས་བརྒྱད་ལ་རྟག་བརྟན་དམ་ཆོས་གླིང་གི་གནས་གཞི་གསར་དུ་བཏབ། གཙུག་ལག་ཁང་ཀ་བ་སུམ་ཅུ་སོ་བཞི་ཅན་གྱི་རྨང་དྲུས། ཟླ་བ་གསུམ་རིང་སྡེ་པ་ནས་འུ་ལག་མང་པོས་རོགས་བྱེད་དུ་གནང་།

དེ་ནས་གཙོ་བོར་མཆོད་གཞིས་པ་དང་གྲྭ་པ་རྣམས་ལ་བརྟེན་ལོ་ལྔ་དྲུག་ཙལ་ལ་དགོན་པ་གཙུག་ལག་ཁང་དང་བཅས་པ་བཞེངས་གྲུབ་ནས། བཤད་ཁྲིད་བཙུགས། གསང་སྔགས་ཀྱི་བཤད་པ་ཐུན་མོང་མིན་པ་མང་པོ་སྤེལ། བལ་པོ་ནས་ལྷ་བཟོ་ཉི་ཤུ་ཙམ་གདན་དྲངས་ནས་རྟེན་བཞེངས། སངས་རྒྱས་རབས་བདུན་གཙོས་གསེར་ཐངས་ཀྱི་སྐུ་བརྙན་ཆེན་པོ་མང་པོ་བཞེངས། སྡེ་པ་ནས་གསེར་དང་ཟངས་ཚོན་སོགས་གང་དགོས་གནང་། ཡིག་མཁན་ཆིག་བརྒྱ་བརྒྱད་ཅུ་བཀུགས་ནས། དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་ཅོག་འབྲིར་བཅུག པོ་ཏི་རེ་ལ་ཤོག་གྲངས་སུམ་བརྒྱ་དྲུག་ཅུ་རེ་བྱས་ཏེ་པོ་ཏི་ཉིས་བརྒྱ་བྲིས། པོ་ཏི་རེའི་ཡོན་ནས་ཁལ་བརྒྱ་རེ་གནང་། རྒྱ་གར་ཡུལ་དབུས་ནས་ཕེབས་པའི་བྲམ་ཟེའི་པཎྜི་ཏ་ཀྲྀཥྣ་དང་བྲམ་ཟེའི་པཎྜི་ཏ་བ་ལ་བྷ་དྲ་བཅས་ལ་སྒྲ་དབྱངས་ཅན་མ་སོགས་གསན་ཅི་སྙན་ངག་སྐོར་སོགས་ཐུན་མོང་རིག་གནས་ལ་གླེང་མོལ་མང་དུ་མཛད་དེ་སྒྲ་ལ་མཁས་པར་གྱུར། རྒྱ་དཔེ་མང་པོ་བསྒྱུར།

དགུང་ལོ་ཞེ་བརྒྱད་པར་ཡུམ་རྡོ་རྗེ་བུ་དགའ་རྟག་བརྟན་དུ་གདན་དྲངས་ཏེ་མ་འདས་བར་དེར་བཞུགས་སུ་བཅུག སྐབས་དེར་གཙང་གི་དགོན་སྡེ་མང་པོར་ཉམས་ཆག་བྱུང་ཞིང་དམག་འཁྲུག་བྱུང་བའི་དུས་ཡིན་ཡང་། ཁོང་ནི་ཆོས་འཇིག་རྟེན་ཀུན་ལ་མཁས་པ་ཞིག་ཡིན་པས། གོང་འོག་ཀུན་དང་མཐུན་ཞིང་དགོན་པ་ལེགས་པར་བཞེངས་གྲུབ་པ་དང་བཤད་འཁྲིད་ཀྱང་འཕེལ་རྒྱས་སུ་གྱུར་ཅིང་། སོག་པོའི་བླ་དཔོན་མང་པོས་ཀྱང་ཁོང་ལ་ཆོས་ཞུ་བ་དང་། སྡོམ་པ་བླང་བ་སོགས་བྱས། སོག་པོའི་སློབ་མའང་མང་དུ་སྤེལ།

དགུང་ལོ་ང་དྲུག་པ་ལུག་གི་ལོའི་ཟླ་བ་བཅུ་པའི་ཚེས་ཉེར་གཅིག་ལ་ཞབས་ཚང་མ་སྐྲངས་ནས་ན་ཟུག་དྲག་པོ་བཞེས། སྐུ་ལུས་ཡོངས་ལ་ཆུ་སེར་གྱི་འབྲུམ་བུས་ཁྱབ། ནད་རྙིང་རྣམས་ཀྱང་དུས་གཅིག་ལ་ལངས། སྨན་དཔྱད་ཡུན་རིང་བྱས་པ་རིམ་གྱིས་དྭངས།

ཁོང་གི་གདན་ས་གཙོ་བོ་རྟག་བརྟན་དམ་ཆོས་གླིང་། ཕྱིའི་ལྷ་ཁང་། ནང་གི་ལྷ་སྐུ་དང་གསུང་རབ་བཅས་ཕུན་སུམ་ཚོགས་པ་བཞེངས་ཚར་ནས་དགུང་ལོ་དྲུག་ཅུ་པ་རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་ཁྱིའི(༡༦༣༤)ལོར་ཆོས་སྐུ་ཡེ་ཤེས་ཀྱི་ངང་དུ་ཐིམས་སོ། ། ཏཱ་ར་ནཱ་ཐ་ཞེས་པ་ནི་སྒྲོལ་མའི་མགོན་པོ་ཞེས་པའི་དོན་ཏེ་རྨི་ལམ་གྱི་ཉམས་སྣང་ལ་བརྟེན་ནས་རང་ཉིད་ཀྱིས་བཏགས་པར་མངོན། ཁོང་གི་གསུང་ཆོས་ནི། ཇོ་ནང་རྟག་བརྟན་དགོན་གྱི་པར་མ། ཀ་ནས་མའི་བར་པོ་ཏི་བཅུ་དྲུག་བཞུགས་སོ།

མཁས་དབང་མི་ཉག་མགོན་པོས་(1923-2008)མཛད་པའི་༼གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བདུད་རྩིའི་ཐིགས་ཕྲེང་། ༽ལས་འདིར་དྲངས། མཁས་དབང་མི་ཉག་མགོན་པོས་1980-2008ལོའི་བར་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་བོད་ཡིག་དཔེ་རྙིང་ལེགས་སྒྲིག་གི་ཕྱག་ལས་ལོ་ངོ་ཉེར་བརྒྱད་ཀྱི་རིང་ལ་མཛད་། གསུང་རྩོམ་ལ་དཀར་ཆག་ཤེས་བྱའི་གཏེར་མཛོད་དང་གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བདུད་རྩིའི་ཐིགས་ཕྲེང་སོགས་ཡོད། མཁས་དབང་མི་ཉག་མགོན་པོའིགསུང་རྩོམ་ཕྱོགས་བསྒྲིགས་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་ནས་རྩོམ་སྒྲིག་བྱས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་ཏུ་བསྒྲུབས།