རྔོག་ཚོ་བ་ལྔ་

ཡོང་ཁུངས་Wikipedia

རྔོག་ཚོ་བ་ལྔ་ནི་བསང་ཆུ་རྫོང་གི་ཤར་ལྷོའི་མཚམས་སུ་གནས་ཤིང་། ད་སྐབས་གཙོས་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན། ཤར་ལྷོར་ཅོ་ནེ་ཝ་དམར་དང་བྲག་དཀར་ལུང་། ནུབ་ཏུ་ཀླུ་ཤོད། བྱང་དུ་རྡོ་དཀར་དང་འབོ་ར་ཚོ་བཞི་བཅས་དང་ས་མཚམས་འདྲེས་ཤིང་ད་ལྟ་རྒྱལ་མོ་དགོན་གྱི་ཡུལ་ཁོངས་སུ་གཏོགས་ཤིང་དུད་གྲངས་དྲུག་བརྒྱ་དང་མི་གྲངས་བཞི་སྟོང་ལྷག་ཡོད། རྔོག་ཚོ་བ་ལྔ་ལས་ཚོ་བ་གཅིག་ཀླུ་ཤོད་ཀྱི་ཁོངས་སུ་གཏོགས་པ་ཕུད། གཞན་རྣམས་རྒྱལ་མོ་དགོན་གྱི་ཁོངས་སུ་གཏོགས། རྔོག་ཅེས་པ་ནི་ལོ་རྒྱུས་ཡིག་ཚང་དང་ངག་རྒྱུན་ལྟར་ན། བཀའ་བརྒྱུད་པའི་བླ་མ་སྒྲ་སྒྱུར་མར་པའི་ཐུགས་སྲས་ཀ་ཆེན་བཞིའི་ནང་ནས་རྔོག་ཆོས་སྐུ་རྡོ་རྗེ་ནི་བསྟན་པ་ཕྱི་དར་སྐབས་ཀྱི་ལོ་ཆེན་གསུམ་གྱི་ནང་ཚན་རྔོག་བློ་ལྡན་ཤེས་རབ་དང་གདུང་རྒྱུད་གཅིག་ཡིན། རྔོག་ཆོས་སྐུ་རྡོ་རྗེས་རྔོག་གི་རུས་སུ་གཏོགས་པའི་ཚོ་བ་ཁ་ཤས་གཙང་ནས་འདིར་སླེབས། གཞི་བདག་ཨ་མྱེ་དབང་རྒྱལ་རི་བོའི་རི་སིལ་དུ་གཞི་བཅས་ནས་བསྡད། རུས་རིང་ཚོ་མིང་དུ་ཐོགས་ཏེ་རྔོག་ཚོ་བ་གསོལ་ཞེས་གསུངས། རྔོག་གི་མ་ཁྱིམ་ལས་མགོ་ཚ་དང་ཝ་ཚ་ཞེས་པའི་བུ་གཉིས་བྱུང་། ནར་སོན་ཚེ་སོ་སོར་གྱེས་ཏེ་གཞིས་ཆགས། མགོ་ཚ་ལ་བུ་གཉིས་བྱུང་ཞིང་བུ་གཉིས་ཀ་ཚོ་བ་གཉིས་སུ་འཕེལ། ཝ་ཚར་བུ་གསུམ་བྱུང་ཞིང་བུ་གསུམ་ལས་ཚོ་བ་གསུམ་བྱུང་བས་བསྡོམས་པས་རྔོག་ཚོ་བ་ལྔ་བྱུང་ངོ་། །རྔོག་ཚོ་བ་ལྔ་ནི་བསང་ཆུ་རྫོང་ཁོངས་ཀྱི་ཚོ་པ་ཆགས་སྔ་ཤོས་ཀྱི་ཡུལ་ཁག་ཅིག་ཡིན།


རེབ་ཚའི་ཤོག་པ།[རྩོམ་སྒྲིག]

དེར་མ་མོ་སུམ་ན། མགར་རུ་ཉིན། མགར་རུ་སྲིབ། ཨ་མགོན་ནང་། ཚ་རྡོར། སྟག་རུ་ནང་། སྡེང་ག་ནང་བཅས་སྡེ་ཚོ་བདུན་ཡོད །

ཤིང་ར་ཚ་མདོའི་ཤོག་པ།[རྩོམ་སྒྲིག]

དེར་ཚ་མདོ་ཁོག ཚ་མདོ་སྟོད། ཤིང་ར་ཁོག ཤིང་ར་མདོ་བཅས་སྡེ་ཚོ་བཞི་ཡོད།

སྒ་ཤིས་ཤོག་པ།[རྩོམ་སྒྲིག]

དེར་རྒྱལ་མོ། དགུན་རུ་མཐིལ། འདྲ་སྤུས། རྔོག་ཕུག་བཅས་སྡེ་ཚོ་བཞི་ཡོད།

རྔོག་མདོ་བའི་ཤོག་པ།[རྩོམ་སྒྲིག]

དེར་རྔོག་ཤིས་ཁོག རྔོག་ཕར་ངོ་། རྔོག་རུ་ནང་། བཱ་ཅི། གསེར་འོད་མདོ། གསེར་འོད་སྒང་བཅས་སྡེ་ཚོ་དྲུག་མངའ། གོང་སྨྲས་ཤོག་པ་བཞི་དེང་སང་རྒྱལ་མོ་དགོན་ཞང་གི་ཁོངས་སུ་གཏོགས་སོ། །

ལོ་བའི་ཤོག་པ།[རྩོམ་སྒྲིག]

དེར་ལོ་བའི་མཚེར། ནུས་ཅན་ནང་། རི་འགབ། སྐེད་སྐྱ། ཀོའུ་བརྡ། ལུང་ནག ཕ་གྱོད་བཅས་སྡེ་ཚོ་བདུན་ཡོད།