Jump to content

རྒྱུད་སྡེ་ནས་གསུངས་པའི་ཚད་ལྡན་གྱི་བུམ་པ་

ཡོང་ཁུངས་Wikipedia

རྒྱུད་སྡེ་སོ་སོའི་དཀྱིལ་ཆོག་དང་གཙུག་ལག་ཁང་སོགས་ལ་ཁྲུས་གསོལ་སོགས་བྱེད་པར་ཐོག་མར་མེད་དུ་མི་རུང་བའི་ཡོ་བྱད་ནི་བུམ་པའོ། དེ་ལ་ཡང་རྒྱུའི་དབྱེ་བ་དང་མཚན་ཉིན་འདི་ལྟར་ཚང་དགོས་པ་ནི། ཟུང་འཇུག་གསལ་བ་ལས། དེ་ལ་གསེར་རམ་ཡང་ན་དངུལ། ཟངས་སམ་འཇིམ་པའི་ངོ་བོ་རུ། ཇི་ལྟར་རྙེད་པའི་བུམ་པ་ཞིག བླངས་ཏེ་བརྟུལ་ཞུགས་ཅན་གྱིས་བཞག ཅེས་དང་། དུས་འཁོར་ལས། དེ་བཞིན་ཤེལ་གྱི་བུམ་པ་དང་ནི་དངུལ་མཆོག་རང་བཞིན་དཔལ་ལྡན་ཐོད་པ་དང་ནི་ལྕགས་ཀྱི་དང་། ཟངས་ཞེས་བྱ་དང་གསེར་གྱི་བུམ་པ་རབ་གསལ་ངེས་པར་ཤིང་ལས་སྐྱེས་དང་ས་ཡི་རང་བཞིན་ནོ། ཞེས་རྒྱུ་རབ་ནོར་བུ་གསེར་ལ་སོགས་པ་ཞི་བ་ལ་ཤེལ། རྒྱས་པར་དངུལ་མ་རྙེད་ན་ས་ལས་བྱས་པ་ནག་པོ་དང་རྩ་བ་མེད་པ་ཙན་དན་དཀར་པོ་དང་། འབྲས་སཱ་ལུ་བཏགས་པས་བྱུགས་ཏེ་དཀར་པོར་བྱ་ལ་ཞེས་སོགས་དང་།

ཚད་དབྱིབས་ཀྱང་དེ་ཉིད་ལས། ཟླུམ་པོ་བརྒྱད་གཉིས་སོར་དུ་བརྗོད་དེ་གཉིས་ཀྱིས་བསྒྱུར་བའི་བཅུ་ཡི་དཔངས་དང་སོར་གཉིས་དག་གི་མཆུ། དྲུག་གི་མགྲིན་པ་སོར་བརྒྱད་ཁ་དེར་རོ་བོང་འཛིན་པ་ལྟར་ཞི་རྒྱས་དག་ལའོ་གཞན་ལ་མིན། ཞེས་པ་ལྟར། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་སྔགས་རིམ་ཆེན་མོར་ཀྱང་། དུས་འཁོར་ལུགས་ལ་ལྟོ་བའི་ཟླུམས་སུ་སོར་ཉི་ཤུ། ཁའི་མཚམས་ནས་འཆང་བའི་མཆུ་ལ་སོར་གཉིས། མགྲིན་པངས་སོར་དྲུག། མཆུའི་མཐའ་ནས་མཐའ་གཞན་གྱི་བར་ལ་སོར་བརྒྱད་ཡོད་པའི་ཆ་གཉིས་མགུལ་བའི་སྦུགས་དང་། ཆ་གཅིག་མཆུ་གཉིས་ཀྱི་ཞེང་དུ་དབང་བུམ་པར་འདྲའོ། ཞེས་སོགས་གསུངས་པ་དང་། གདོང་དྲུག་གི་རྒྱུད་ལས། ནག་པོ་ར་རི་མེད་པ་ཡི། བུམ་པ་ལྟོ་ནི་བྲེ་ཚད་ཙམ། མགྲིན་རིང་མཆུ་འཕྱང་གདན་དང་ལྡན། སྙིང་པོར་ལྡན་པའི་སྨན་སོགས་གཞུག མགྲིན་པར་སར་བཟང་དག་གིས་དཀྲི འདབ་མ་ལྡན་པའི་ལྕུག་མ་སོགས། དྲི་དང་ལྡན་པའི་ཁ་རྒྱན་ཅན། བདུད་རྩི་ལྡན་པ་ཡིས་ཀྱང་མཆོད།

ཅེས་སོགས་གསུངས་པས་སྤྱིར་བུམ་པའི་དབྱིབས་ཚད་སོགས་རྒྱུད་སྡེ་རྣམས་ནས་གསུངས་ཀྱང་འཕགས་པ་རིན་པོ་ཆེ་རྒྱ་ནག་ལ་ཕེབས་སྐབས་བུམ་ཆུ་གནང་བདེ་ཁྱད་ལ་གཟིགས་ཏེ་ལྟོ་བར་མཆུ་ངང་པའི་སྐེ་འདྲ་བ་མཛེས་རྩལ་གྱིས་རྒྱན་པའི་ལས་བུམ་མམ་དེང་དུས་ཁྲུས་བུམ་དུ་སྤྱོད་པའི་བུམ་པ་དེ་མཛད་པ་ཡིན་གསུངས་སོ།།