རྒྱས་སྲས་ལག་ལེན་སོ་བདུན་མའི་བསྡུས་འགྲེལ་སྲས་བཅས་ རྒྱལ་བ་དགྱེས་པའི་མཆོད་སྤྲིན།

ཡོང་ཁུངས་Wikipedia


དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ།


བཞི་བཅོམ་དྲུག་ལྡན་སྲིད་ཞིའི་མཐའ་ལས་འདས།། རྒྱུད་ལྔའི་འགྲོ་ལ་གཅིག་ཏུ་བརྩེ་བ་ཡིས།། རྣམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་མཛད་པའི།། ཤཱཀྱ་སེངྒེས་མཐའ་དག་འགྲོ་འདི་སྲུངས།། གཞན་ཕན་བྱམས་དང་སྙིང་རྗེའི་རྩ་བ་བརྟན།། ཕྱིན་དྲུག་བསྡུ་བཞིའི་ཡལ་ག་རབ་ཏུ་རྒྱས།། རླབས་ཆེན་སྤྱོད་པའི་འབྲས་བུ་གཡུར་ཟ་བ།། རྒྱས་སྲས་དཔའ་བོ་དེ་དག་ཕྱག་གི་ཡུལ།། འདི་ན་རྒྱལ་སྲས་ཐོགས་མེད་བཟང་པོ་ཞེས།། རླབས་ཆེན་སྤྱོད་པའི་གཏེར་གྱུར་གང་དེ་ཡི།། ལེགས་བཤད་རྒྱལ་སྲས་ལག་ལེན་སོ་བདུན་གྱི།། བསྡུས་འགྲེལ་མཆོད་སྤྲིན་རྒྱ་མཚོའི་ཟོལ་དུ་སྤེལ།། ཞེས་ཤིས་པ་བརྗོད་པའི་ཚིག་གི་ཕྲེང་བ་འགའ་ཞིག་གིས་ཉེ་བར་བསུས་ཏེ། འདིར་སྲས་བཅས་རྒྱལ་བ་ཡོངས་ཀྱི་འཇུག་ངོགས་བླ་ན་མ་མཆིས་པ། འཁོར་འདས་ལེགས་ཚོགས་མཐའ་དག་གང་ལས་འབྱུང་བའི་གཞི། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ཡོངས་སུ་རྫོགས་པའི་སྙིང་པོ་གཅིག་ཏུ་དྲིལ་ནས་བཀོད་པ། རྒྱལ་སྲས་ལག་ལེན་སོ་བདུན་མ་ཞེས་པ་འདི་ཉིད་ཀྱི་སྙིང་པོའི་དོན་མདོར་བསྡུས་སུ་འགྲེལ་བར་འདོད་དོ།།དེས་ན་འདི་ལ་གསུམ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་དང་གསུམ་ལས། དང་པོ་ལ་གཉིས། མཆོད་བརྗོད་དང་བརྩོམ་པར་དམ་བཅའ་བའོ།།དང་པོ་ལ་ལྷག་པའི་ལྷ་ལ་མཆོད་པར་བརྗོད་པ་དང་རང་གི་བླ་མ་ལ་མཆོད་པར་བརྗོད་པ་གཉིས། དང་བོ་ལྷག་པའི་ལྷ་ལ་མཆོད་པར་བརྗོད་པ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། ཞེས་གསུངས། དོན་ནི་ཕྱག་འཚལ་ལོ་བླ་མ་འཇིག་རྟེན་དབང་ཕྱུག་ལ།།ཞེས་པའོ།།དེ་ཡང་ན་མཱུ་ནི་ཕྱག་འཚལ་བ་དང་གུ་རུ་ནི་བླ་མ། ལོ་ཀེ་ཤྭ་ར་ནི་འཇིག་རྟེན་དབང་ཕྱུག་ཡཱ་ནི་རྣམ་དབྱེ་བཞི་པ་དགོས་ཆེད་ཀྱི་ལ་དོན་ནོ།།གཉིས་པ་རང་གི་བླ་མ་ལ་མཆོད་པར་བརྗོད་པ་ནི། གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང༌།།འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་མཛད་པ།།བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་ལ།།རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།། ཞེས་གསུངས། དོན་ནི། གང་གིས་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཅིག་གིས་ཀྱང་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཀུན་རང་བཞིན་གྱིས་སྐྱེ་འགག་དང་འགྲོ་འོང་སོགས་མཐའ་བརྒྱད་ཀྱི་སྤྲོས་པ་མེད་པར་མངོན་སུམ་དུ་གཟིགས་ཀྱང་བརྩེ་བ་སྙིང་རྗེ་ཆེན་པོའི་དབང་གིས་ཕལ་བའི་ཚུལ་གྱིས་རྒྱུད་ལྔའི་འགྲོ་བའི་དོན་ལ་མཐའ་གཅིག་ཏུ་བརྩོན་པར་མཛད་པ། ཡོན་ཏན་དང་བཀའ་དྲིན་གཞན་ལས་ལྕི་བའི་བླ་མ། ཐེག་པ་མཆོག་གི་གོ་འཕང་ལ་ཐུགས་གཞོལ་བ་གང་དང༌། རྒྱལ་ཀུན་སྙིང་རྗེའི་རྣམ་འཕྲུལ་ལྷ་རུ་ཤར་པ་འཕགས་མཆོག་སྤྱན་རས་གཟིགས་མགོན་གཉིས་དབྱེར་མི་ཕྱེད་པ་དེ་ལ་དུས་རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།ཞེས་པའོ།།གཉིས་པ་བརྩོམ་པར་དམ་བཅའ་བ་ནི། ཕན་བདེའི་འབྱུང་གནས་རྫོགས་པའི་སངས་རྒྱས་རྣམས།། དམ་ཆོས་སྒྲུབ་ལས་བྱུང་སྟེ་དེ་ཡང་ནི།། དེ་ཡི་ལག་ལེན་ཤེས་ལ་རག་ལས་པས།། རྒྱལ་སྲས་རྣམས་ཀྱི་ལག་ལེན་བཤད་པར་བྱ།། ཞེས་གསུངས། དོན་ནི། གནས་སྐབས་དང་མཐའ་ཐུག་གི་ཕན་བདེའི་ལེགས་ཚོགས་མ་ལུས་པ་གང་ལས་བྱུང་བའི་གནས་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཇི་སྐད་དུ་དཔལ་ལྡན་ཟླ་བས། སངས་རྒྱས་བྱང་ཆུབ་སེམས་པ་ལས་འཁྲུངས་ཤིང༌། ཋསྙིང་རྗེ་སེམས་དང་གཉིས་སུ་མེད་བློ་དང༌། ཋབྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་དང༌། དཔལ་མགོན་ཀླུས། གང་དག་ཆོས་མངོན་བགྱིས་པ་དེ་དག་ཀྱང༌། །གནམ་ནས་བབ་པ་མ་ལགས་ལོ་ཏོག་བཞིན། །ཞེས་གསུངས་པ་ལྟར། ཐེག་པ་མཆོག་གི་དམ་པའི་ཆོས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནས་ཕྱིན་དྲུག་དང་བསྡུ་བཞིས་བསྡུས་པའི་རླབས་ཆེན་རྒྱལ་སྲས་སྤྱོད་པའི་ཉམས་ལེན་རྣམས་ཚུལ་བཞིན་དུ་སྒྲུབ་པ་ལས་བྱུང་སྟེ། དེ་ཡང་རྒྱལ་སྲས་ཀྱི་སྤྱོད་པ་དེ་དང་དེ་ཡི་ལག་ལེན་ཚུལ་བཞིན་ཤེས་པ་ལ་རག་ལས་པས། རྒྱུ་མཚན་དེས་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་རྣམས་དོན་ཚན་སོ་བདུན་དུ་དྲིལ་ནས་འདིར་བཤད་པར་བྱ་ཞེས་པའོ། །གཞུང་བཤད་སྤྱི་འགྲོས་ཀྱི་དགོས་སོགས་ཆོས་བཞི་ཡང་འདིས་བསྟན་ཏེ་ཤེས་སླའོ། ། གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་གཉིས། སྔོན་འགྲཱུའི་ལག་ལེན་དང༌། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལག་ལེན་བྱེད་ཚུལ་ལོ། །དང་པོ་ལ་བདུན། དལ་འབྱོར་རྙེད་དཀའ་བ་བསམ་པ་དང༌། ཕ་ཡུལ་སྤོང་བར་གདམས་པ། དབེན་པ་བསྟེན་པ། མི་རྟག་པ་རྒྱུད་ལ་བསྟེན་པ། གྲོགས་ངན་སྤོང་པ། གྲོགས་བཟང་བསྟེན་པ། སྐྱབས་སུ་འགྲོ་བ་རྣམས་སོ། ། དང་པོ། དལ་འབྱོར་གྲུ་ཆེན་རྙེད་དཀའ་ཐོབ་དུས་འདིར།། བདག་གཞན་འཁོར་བའི་མཚོ་ལས་བསྒྲལ་བའི་ཕྱིར།། ཉིན་དང་མཚན་དུ་གཡེང་བ་མེད་པར་ནི།། ཉན་སེམས་བསྒོམ་པ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི་མགོན་པོ་ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཞེས་པ་ལྟར་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་ལུས་འཁོར་བའི་རྒྱ་མཚོ་རྒལ་བར་བྱེད་པའི་གྲུ་ཆེན་དང་འདྲ་བ་རྒྱུ་དང་དཔེ་ངོ་བོ་གསུམ་གྱི་སྒོ་ནས་ཤིན་ཏུ་རྙེད་པར་དཀའ་བའི་རྟེན་བཟང་ལན་གཅིག་ཙམ་ཐོབ་པའི་དུས་འདིར། བདག་གཞན་རྣམས་སྡུག་བསྔལ་གསུམ་གྱིས་རྒྱུན་དུ་གཙེས་པའི་འཁོར་བའི་རྒྱུ་མཚོ་ཆེན་པོ་འདི་ལས་བསྒྲལ་པར་བྱ་བའི་ཕྱིར་དུ་ཉིན་དང་མཚན་དང་དུས་དང་རྣམ་པ་ཀུན་ཏུ་གཡེང་བ་མེད་པར་ནི། ཐུབ་པའི་གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་ཉན་པ་དང་དེའི་དོན་སེམས་པས་གཏན་ལས་ཕབ་ཅིང་སྒོམ་པར་བྱེད་པ་ནི་རྒྱལ་སྲས་བྱང་ཆུབ་སེམས་པ་རྣམས་ཀྱི་ལག་ལེན་ཏེ་སྤྱོད་པ་ཡིན་ནོ། །ཞེས་པའོ། །དེ་ལ་དལ་བ་བརྒྱད་དང་འབྱོར་པ་བཅུ་ནི་དཔལ་མགོན་ཀླུས། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་དང༌། མི་ཉིད་ཡུལ་དབུས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་སོ།། གཉིས་པ། ཕ་ཡུལ་སྤོང་བ་རྒྱལ་སྲས་ཀྱི་ལག་ལེན་དུ་བསྟན་པ་ནི། གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།། དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར།། བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན།། ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། ཕ་མ་སྤུན་མཆེད་ཉེ་འབྲེལ་སོགས་རང་དང་ཉེ་བའི་གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ་བ་དང༌། དགྲ་ཡི་ཕྱོགས་ལ་འཁོན་འཛིན་དང་ཁོང་ཁྲོས་ཞེ་སྡང་མེ་ལྟར་འབར་ཏེ། དཀར་ནག་དགེ་སྡིག་གི་བླང་དོར་ཅུང་ཟད་ཙམ་ཡང་མི་ཤེས་ཤིང་ཤེས་ཀྱང་བརྗེད་པའི་གཏི་མུག་གི་མུན་ནག་ཡོངས་སུ་འཐིབས་པ་ཅན་ཏེ། མདོར་ན་ཆགས་སྡང་རྨོངས་གསུམ་གྱིས་དབང་བསྒྱུར་བའི་ཕ་ཡུལ་སྤོང་བ་རྒྱལ་སྲས་བྱང་ཆུབ་སེམས་པ་རྣམས་ཀྱི་ལག་ལེན་ཡིན་ནོ་ཞེས་པ་སྟེ་དམ་པ་འགའ་ཞིག་གིས། ཕ་ཡུལ་བདུད་ཀྱི་བཙོན་ར་ཡིན། །ཕ་མ་བདུད་ཀྱི་ཞགས་པ་ཡིན། །གཉེན་འབྲེལ་བདུད་ཀྱི་བཙོན་སྲུང་ཡིན། ཁ་ཟས་བདུད་ཀྱི་བསླུ་བྲིད་ཡིན། །ཞེས་གསུངས་པ་དང་ཁོག་འདྲའོ།། གསུམ་པ། དབེན་པ་བསྟན་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། ཡུལ་ངན་སྤངས་པས་ཉོན་མོངས་རིམ་གྱིས་འགྲིབས།། རྣམ་གཡེངས་མེད་པས་དགེ་སྦྱོར་ངང་གིས་འཕེལ།། རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེ།། དབེན་པ་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན།། དམ་པའི་ཆོས་སྒྲུབ་པར་གེགས་མང་བའི་ཡུལ་ངན་སྤངས་པས་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཆགས་སོགས་ཉོན་མོངས་རིམ་གྱིས་འགྲིབས་པ་དང༌། གྲོང་དང་གྲོང་བརྡལ་ལྟ་བུ་མཐོང་ཐོས་ཀྱི་འདུ་འཛི་མང་བ་དང་འཇིག་རྟེན་ཆོས་བརྒྱད་སོགས་ཀྱི་རྣམ་གཡེང་མེད་པས་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་གྱི་དགེ་སྦྱོར་ངང་གིས་འཕེལ་ཞིང༌། དེ་ལ་བརྟེན་ནས་བྱིངས་རྒོད་ཀྱི་མཚན་མ་དང་བྲལ་བའི་རིག་པ་དྭངས་པས་ཆོས་ཀྱི་གནས་ལུགས་ལ་ངེས་ཤེས་སྐྱེ་བ་སྟེ། བསླབ་པ་གསུམ་ག་གོང་དུ་འཕེལ་བའི་གནས་ཇི་སྐད་དུ་ཞི་བ་ལྷས། དེ་བས་ཤིན་ཏུ་མདངས་དགའ་བའི། །ནགས་ཚལ་ཚེགས་ཆུང་བདེ་སྐྱིད་ཅིང༌། །གཡེངས་པ་ཐམས་ཅད་ཞི་བྱེད་པ། །བདག་ཉིད་གཅིག་པུ་གནས་པར་བྱ། །ཞེས་པ་ལྟར་དབེན་པ་བསྟེན་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ་ཞེས་པའོ།། བཞི་པ། མི་རྟག་པ་རྒྱུད་ལ་བསྟེན་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། ཡུན་རིང་འགྲོགས་པའི་མཛའ་བཤེས་སོ་སོར་འབྲལ།། འབད་པས་བསྒྲུབས་པའི་ནོར་རྫས་ཤུལ་དུ་ལུས།། ལུས་ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་བོར།། ཚེ་འདི་བློས་བཏང་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི་ཕ་མ་སྤུན་མཆེད་ཉེ་འབྲེལ་སོགས་ཡུན་རིང་པོར་འགྲོགས་པའི་མཛའ་བཤེས་རྣམས་དང་སོ་སོར་འབྲལ་བ་དང༌། རྫུན་དང་གཡོ་ཁྲམ་སོགས་ཐབས་ཤེས་གང་དྲག་གིས་ཡུན་རིང་ཤ་ཐང་འབད་པས་བསྒྲུབས་པའི་ནོར་རྫས་ལོངས་སྤྱོད་ཁང་ཁྱིམ་དང་བཅས་པ་ཤུལ་དུ་བཞག་ནས་འགྲོ་དགོས་པར་མ་ཟད། ཐ་ན་རང་དང་ལྷན་ཅིག་སྐྱེས་པའི་ལུས་ཀྱི་མགྲོན་ཁང་འདི་ཡང་རྣམ་ཤེས་ཀྱི་མགྲོན་པོས་བོར་བ་སྟེ། མདོར་ན་འཆི་བའི་ཚེ་གཉེན་དང་ལོངས་སྤྱོད་ལ་སོགས་གང་གིས་ཀྱང་མི་ཕན་པས་སྙིང་པོ་མེད་པར་ཤེས་ཏེ་ཚེ་འདི་བློས་བཏང་བ་རྒྱལ་སྲས་བྱང་ཆུབ་སེམས་པ་རྣམས་ཀྱི་ལག་ལེན་ཡིན་ནོ།།ཞེས་པ་སྟེ། རྒྱལ་སྲས་ཞི་བ་ལྷས། ལུས་འདི་གཅིག་པུ་བྱུང་བ་ཡང༌། །ལྷན་ཅིག་སྐྱེས་པའི་ཤ་རུས་དག །ཞིག་སྟེ་སོ་སོར་སྐྱེས་གྱུར་ན། །མཛའ་བོ་གཞན་དག་སྨོས་ཅི་དགོས། །ཞེས་དང༌། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་གྱུར་པའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང༌། །ཞེས་གསུངས་པ་དང་དོན་གཅིག་གོ༌། ལྔ་པ་གྲོགས་ངན་སྤོང་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི།། གང་དང་འགྲོགས་ན་ཉོན་མོངས་འཕེལ་འགྱུར་ཞིང༌།། ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་ལ།། བྱམས་དང་སྙིང་རྗེ་མེད་པར་སྒྱུར་བྱེད་པའི།། གྲོགས་ངན་སྤོང་པ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། སྡིག་པའི་གྲོགས་པོ་གང་དང་འགྲོགས་ན་ཆགས་སོགས་ཉོན་མོངས་རྣམས་མི་རྒན་གྱི་ཁ་སྤུ་བཞིན་ངང་ངམ་ཤུགས་ཀྱིས་འཕེལ་བར་འགྱུར་ཞིང༌། རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་ལ་ཐོས་བསམ་སྒོམ་པའི་བྱ་བ་རྣམས་མང་ངཱུའི་ཟླ་བ་བཞིན་རིམ་གྱིས་ཉམས་པར་འགྱུར་ལ། ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་གང་ལས་འབྱུང་བའི་ཁུངས་གཞན་ཕན་བྱམས་དང་སྙིང་རྗེ་མེད་པར་སྒྱུར་བར་བྱེད་པའི་མི་དགེ་བའི་སྡིག་གྲོགས་ངན་པ་རྣམས་འཆིལ་མའི་ཐལ་བ་བཞིན་རྒྱང་རིང་དུ་སྤོང་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ། །ཞེས་པ་སྟེ། དམ་པ་གོང་མ་རྣམས་ཀྱིས། སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་ལ། །ཞེས་པ་ལྟར། སྡིག་པའི་གྲོགས་པོ་ཡིན་ཞེས་མགོ་ལ་རྭ་ཡོད་པ་དང༌། ལག་ཏུ་སྟ་རེ་ཐོགས་པ་ཞིག་མི་འོང་གི རང་དང་སྙིང་ཉེ་བའི་ཟོལ་གྱིས་མངོན་མཐོ་དང་ངེས་ལེགས་ཀྱི་རྟེན་ལས་རིང་དུ་འཁྲིད་པ་ཞིག་འོང་སྟེ། དེ་ལ་དུག་སྦྲུལ་པང་དུ་སླེབས་པ་ལྟར་སྐྲག་ནས་རྒྱང་རིང་དུ་སྤོང་དགོས་པར་གསུངས་སོ།། དྲུག་པ། གྲོགས་བཟང་བསྟེན་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། གང་ལ་བསྟེན་ནས་ཉེས་པ་ཟད་འགྱུར་ཞིང༌།། ཡོན་ཏན་ཡར་ངཱུའི་ཟླ་ལྟར་འཕེལ་འགྱུར་པའི།། བཤེས་གཉེན་དམ་པ་རང་གི་ལུས་བས་ཀྱང༌།། གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། གྲོགས་པོ་གང་ཞིག་བསྟེན་ན་ཆགས་སོགས་ཉེས་པ་མཐའ་དག་ངང་གིས་ཟད་པར་འགྱུར་ཞིང༌། ལུང་དང་རྟོགས་པའི་ཡོན་ཏན་རྣམས་སྟོན་གྱི་ཡར་ངཱུའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་བར་འགྱུར་བའི་བདག་རྐྱེན། བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་དགེ་བའི་བཤེས་གཉེན་དམ་པ་རྣམས་རང་གི་ལུས་དང་སྲོག་བས་ཀྱང་གཅེས་པར་འཛིན་པའི་སྒོ་ནས་ཚུལ་བཞིན་བསྟེན་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ། །ཞེས་པ་སྟེ། སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང༌། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ༌། །ཞེས་གསུངས་པ་དང་དོན་འདྲའོ།། བདུན་པ། དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། རང་ཡང་འཁོར་བའི་བཙོན་རྭར་བཅིངས་པ་ཡི།། འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས།། དེ་ཕྱིར་གང་ལ་སྐྱབས་ན་མི་བསླུ་བའི།། དཀོན་མཆོག་སྐྱབས་མགྲོ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། གཞན་ལྟ་ཅི་རང་ཡང་ལས་དང་ཉོན་མོངས་པའི་དབང་གིས་སྡུག་བསྔལ་གསུམ་གྱིས་རྒྱུན་དུ་མནར་ཞིང༌། ཁམས་གསུམ་འཁོར་བའི་བཙོན་རྭར་རང་དབང་མེད་པར་བཅིངས་པ་ཡི་འཇིག་རྟེན་པའི་ཚངས་པ་དང་བརྒྱ་བྱིན། དབང་ཕྱུག་སོགས་དྲེགས་པའི་ལྷ་རྣམས་དང༌། རི་དང་ཤིང་དང་གྲོང་གི་ལྷ་ལ་སོགས་དེ་དག་གིས་གཞན་སུ་ཞིག་སྐྱོབ་པར་ནུས་ཏེ་མི་ནུས་པས། རྒྱུ་མཚན་དེའི་ཕྱིར་གང་ལ་སྐྱབས་སུ་སོང་ན་གནས་སྐབས་དང་མཐར་ཐུག་གང་ལ་ལྟོས་ཀྱང་མི་བསླུ་བའི་སངས་རྒྱས་ཆོས་དང་དགེ་འདུན་ཏེ༌། དཀོན་མཆོག་གསུམ་པོ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ། །ཞེས་སོ།། མདོ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ལྗོན་ཤིང་དག་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །འཇིག་རྟེན་ཀུན་ལས་ཐར་མི་འགྱུར། །ཞེས་དང༌། སྐྱབས་འགྲོ་བདུན་ཅུ་པར། སངས་རྒྱས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་རྣམས་དང་དོན་འདྲའོ།། གཉིས་པ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་རིམ་རྒྱལ་སྲས་ལག་ལེན་དུ་བསྟན་པ་དང༌། འབྲིང་དང་ཐུན་མོང་བའི་ལམ་རིམ་རྒྱལ་སྲས་ལག་ལེན་དུ་བསྟན་པ། སྐྱེས་བུ་ཆེན་པོའི་ལམ་རིམ་རྒྱལ་སྲས་ལག་ལེན་དུ་བསྟན་པ་རྣམས་སོ།། དང་པོ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་རིམ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། ཤིན་ཏུ་བཟོད་དཀའི་ངན་འགྲཱུའི་སྡུག་བསྔལ་རྣམས།། སྡིག་པའི་ལས་ཀྱི་འབྲས་བུར་ཐུབ་པས་གསུངས།། དེ་ཕྱིར་སྲོག་ལ་བབ་ཀྱང་སྡིག་པའི་ལས།། ནམ་ཡང་མི་བྱེད་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། ཤིན་ཏུ་བཟོད་དཀའི་དམྱལ་སོགས་ངན་འགྲཱུའི་སྡུག་བསྔལ་རྣམས་སྡིག་པ་མི་དགེ་བའི་ལས་ཀྱི་འབྲས་བུར་ཐུབ་པས་མདོ་སྡེ་དུ་མ་ལས་ཡང་ཡང་གསུངས་པས། རྒྱུ་མཚན་དེའི་ཕྱིར་སྲོག་ལ་བབ་ཀྱང་སྒོ་གསུམ་གྱི་སྡིག་པ་མི་དགེ་བའི་ལས་ཆེན་པོ་ལྟ་ཅི་ཆུང་ཚེགས་རིགས་ཀྱང་དུས་ནམ་ཡང་མི་བྱེད་པ་རྒྱལ་སྲས་བྱང་ཆུབ་སེམས་པ་རྣམས་ཀྱི་ལག་ལེན་ཡིན་ནོ་ཞེས་སོ། །ཤིན་ཏུ་བཟོད་དཀའ་བའི་སྡུག་བསྔལ་ནི། དམྱལ་བ་ལ་ཚ་གྲང་བཙོ་སྲེག་དང༌། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་གླེན་ཞིང་གཏི་མུག་པ་དང་གཞན་གྱིས་བཀོལ་སྤྱོད་བྱེད་པ་སོགས་སོ། །འོ་ན་ཐུབ་པས་མདོ་སྡེ་གང་ལས་གསུངས་སམ་ཞེ་ན། ཏིང་ངེ་འཛིན་རྒྱལ་པོ་ལས། ཅི་འདྲ་བ་ཡི་ལས་བྱས་པ།། འབྲས་བུ་དེ་འདྲ་ཐོབ་པར་འགྱུར།། ཞེས་དང༌། དྲན་ཉེར་བཞག་ལས་ཀྱང༌། དགེ་བ་ཡིས་ནི་བདེ་འགྲོ་ཐོབ།། མི་དགེ་བ་ལས་སྡུག་བསྔལ་ཀུན།། ཞེས་རྒྱ་ཆེར་གསུངས་སོ།། གཉིས་པ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་རིམ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། རྩ་བར། སྲིད་གསུམ་བདེ་བ་རྩ་རྩེའི་ཟིལ་པ་བཞིན།། ཡུད་ཙམ་ཞིག་གིས་འཇིག་པའི་ཆོས་ཅན་ཡིན།། ནམ་ཡང་མི་འགྱུར་ཐར་བའི་གོ་འཕང་མཆོག། དོན་དུ་གཉེར་བ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། འདོད་ཁམས་དང་གཟུགས་ཁམས་གཟུགས་མེད་ཁམས་ཏེ་སྲིད་གསུམ་འཁོར་བས་བསྡུས་པའི་སྡུག་བསྔལ་གྱི་སྡུག་བསྔལ་དང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་རྣམས་སྨོས་ཅི་དགོས། དེས་བསྡུས་པའི་ཟག་བཅས་ཀྱི་བདེ་བ་མཐའ་དག་རྩ་རྩེའི་ཟིལ་པ་བཞིན་དུ། བརྟན་པོར་མི་གནས་པར་ཡུད་ཙམ་ཞིག་གིས་འཇིག་པའི་ཆོས་ཅན་ཡིན་པས་སྙིང་པོ་མེད་པར་མཐོང་ཞིང༌། དེ་ལས་ལྡོག་སྟེ་དུས་ནམ་ཡང་མི་འགྱུར་བའི་ཐར་བའི་གོ་འཕང་མཆོག་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཁོ་ན་དོན་དུ་གཉེར་བ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ་ཞེས་པ་སྟེ། རྒྱལ་བ་མི་ཕམ་པས། སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ།། ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ།། ཞེས་གསུངས་པའི་དོན་བསྡུས་པ་ཡིན་ནོ།། གསུམ་པ། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ལ་གཉིས། ཐེག་པ་ཆེན་པོའི་འཇུག་སྒོ་སེམས་བསྐྱེད་བཤད་པ་དང༌། སེམས་དེ་བསྐྱེད་ནས་ཇི་ལྟར་བྱ་བའོ།། དང་པོ་ལ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་ཚུལ་དང༌། བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་བསྐྱེད་ཚུལ་བསྟན་པ་གཉིས་ལས། དང་པོ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཅན།། མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ།། དེ་ཕྱིར་སེམས་ཅན་སྲིད་ལས་བསྒྲལ་བའི་ཕྱིར།། བྱང་ཆུབ་སེམས་བསྐྱེད་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། སྐྱེ་བ་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་བདག་ལ་གཅེས་ཤིང་ཕངས་པའི་བརྩེ་བ་ཅན་གྱི་མ་རྣམས་སྡུག་བསྔལ་གསུམ་གྱིས་རྒྱུན་དུ་མནར་ན། རང་ཉིད་གཅིག་པུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་བདེ་བ་ཙམ་ཐོབ་པས་ཅི་ཞིག་བྱ། དེའི་ཕྱིར་མཐའ་ཡས་པའི་མ་རྒན་སེམས་ཅན་རྣམས་སྲིད་ཞིའི་རྒུད་པ་མཐའ་དག་ལས་བསྒྲལ་པའི་ཕྱིར་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་ཐེག་པ་ཆེན་པོའི་འཇུག་སྒོ་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ་ཞེས་པ་སྟེ། རྒྱལ་བ་མ་ཕམ་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད།། ཅེས་གསུངས་པ་དང་དོན་འདྲའོ།། གཉིས་པ། བདག་གཞན་མཉམ་བརྗེའི་སེམས་བསྐྱེད་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང༌།། རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས།། དེ་ཕྱིར་བདག་བདེ་གཞན་གྱི་སྡུག་བསྔལ་དག། ཡང་དག་བརྗེ་བ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། སྲིད་གསུམ་འཁོར་བས་བསྡུས་པའི་སྡུག་བསྔལ་མ་ལུས་པ་བདག་ཉིད་གཅིག་པུ་བདེ་བར་འདོད་པའི་གཅེས་འཛིན་གྱི་བློ་མ་རུང་བ་འདི་ཁོ་ན་ལས་བྱུང་ཞིང༌། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པའི་བདེ་བ་གང་ཡིན་པ་དེ་ཀུན་གཞན་ཕན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འབའ་ཞིག་ལས་འཁྲུངས་པས། དེའི་ཕྱིར་བདག་གི་བདེ་བ་དང་དགེ་ཚོགས་རྣམས་གཞན་ལ་གཏོང་བ་དང༌། སེམས་ཅན་གཞན་གྱི་སྡིག་སྒྲིབ་སྡུག་བསྔལ་དང་བཅས་པ་མཐའ་དག་བདག་གིས་དང་དུ་ལེན་པ་སྟེ། བདག་དང་གཞན་གྱི་བདེ་སྡུག་ཡང་དག་པར་བརྗེ་བའི་སྒོ་ནས་སེམས་བསྐྱེད་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ་ཞེས་པ་སྟེ། སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ།། དེ་ཀུན་གཞན་བདེ་འདོད་ལས་བྱུང༌།། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།། དེ་ཀུན་རང་བདེ་འདོད་ལས་བྱུང༌།། ཞེས་འབྱུང་བ་དང་ཁོག་འདྲའོ།། གཉིས་པ་སེམས་དེ་བསྐྱེད་ནས་ཇི་ལྟར་བྱ་བ་ལ་གསུམ། གཞན་དོན་སྒྲུབ་པའི་ཡན་ལག་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། རང་རྒྱུད་སྨིན་པའི་ཡན་ལག་ཕར་ཕྱིན་དྲུག་གི་ཉམས་ལེན། རྒྱུན་དུ་བསླབ་པའི་གནས་གཞན་བསྟན་པའོ།། དང་པོ་ལ། གཏོང་བར་བཟོད་པ་དང༌། སྡུག་བསྔལ་དང་ལེན་གྱི་བཟོད་པ། འགྲན་སེམས་ལ་བཟོད་པ། སྡུག་བསྔལ་དང་ལེན་གྱི་བཟོད་པ། ཁེངས་དྲེགས་སྤོང་བ། ཞེན་ཆགས་སྤོང་པ། གཏི་མུག་སྤོང་བ་རྒྱལ་སྲས་ལག་ལེན་དུ་བསྟན་པ་དང་བཅུ་གཅིག་ལས། དང་པོ། གཏོང་བར་བཟོད་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། སུ་དག་འདོད་ཆེན་དབང་གིས་རང་གི་ནོར།། ཐམས་ཅད་འཕྲོག་གམ་འཕྲོག་ཏུ་འཇུག་ན་ཡང༌།། ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས།། དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། སེམས་ཅན་སུ་དང་གང་དག་གིས་འདོད་པ་ཆེན་པོའི་དབང་གིས་རང་གི་ནོར་རྫས་ལོངས་སྤྱོད་ཐམས་ཅད་དངོས་སུ་འཕྲོག་པའམ་གཞན་ལ་བསྐུལ་སློང་བྱས་ཏེ་འཕྲོག་ཏུ་འཇུག་ན་ཡང༌། དེ་དང་དེ་ལ་ཁྲོ་བ་ལྟ་ཅི། དེ་ལས་ལྡོག་ནས་བཟོད་པའི་གོ་ཆ་བརྟན་པོར་བགོས་ཏེ་རང་གི་ལུས་དང་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་དང་བཅས་པ་རྣམས་དེ་དག་ལ་ཡོངས་སུ་གཏོང་བར་ནུས་པར་མ་ཟད། ཆོག་མི་ཤེས་པ་ལ་སྙིང་རྗེ་ཡོངས་སུ་བསྔོ་བ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ་ཞེས་པ་སྟེ། སྤྱོད་འཇུག་ལས། བདག་གིས་ལུས་ཅན་མཐའ་དག་ལ།། ལུས་འདི་ཅི་བདེར་བྱིན་ཟིན་གྱིས།། རྟག་ཏུ་གསོད་དང་སྨོད་པའམ།། བརྡེག་སོགས་ཅི་དགར་བྱེད་ལ་རག། ཞེས་གསུངས་པ་དང་ཁོག་འདྲའོ།། གཉིས་པ་སྡུག་བསྔལ་དང་ལེན་གྱི་བཟོད་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ།། གང་དག་བདག་གི་མགོ་བོ་གཅོད་བྱེད་ནའང༌།། སྙིང་རྗེའི་དབང་གིས་དེ་ཡི་སྡིག་པ་རྣམས།། བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། བདག་ཉིད་ལ་ཆོས་དང་འཇིག་རྟེན་གྱི་ཁྲིམས་ལུགས་གང་དང་ཡང་འགལ་བའི་ཉེས་པ་ཅུང་ཟད་ཙམ་ཡང་མེད་བཞིན་དུ། ཞེ་སྡང་གི་གཞན་དབང་དུ་སོང་བའི་སེམས་ཅན་གང་དང་གང་དག་གིས་བདག་ལ་བརྡེག་པ་དང༌། མཚང་འབྲུ་བར་བྱེད་པར་མ་ཟད་བདག་གི་མགོ་བོ་སོགས་ཡན་ལག་ཉིང་ལག་རྣམས་དུམ་བུར་གཅོད་པར་བྱེད་ནའང༌། སྙིང་རྗེའི་དབང་གིས་སྐྱེ་བོ་དེ་དང་དེ་ཡི་སྒོ་གསུམ་གྱི་སྡིག་སྒྲིབ་དང་དེའི་རྣམ་སྨིན་གྱི་འབྲས་བུ་དང་བཅས་པ་རྣམས་བདག་གི་རྒྱུད་ལ་དང་བ་ཆེན་པོའི་སྒོ་ནས་ལེན་པར་ནུས་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ།། ཞེས་པ་སྟེ། སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགའ་ཅི་ཞིག་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་ཅི་ཞིག་ཕན།། ཞེས་པའི་དོན་བསྡུས་པའོ།། གསུམ་པ་མི་སྙན་པར་བཟོད་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ།། སྟོང་གསུམ་ཁྱབ་པར་སྒྲོག་པར་བྱེད་ན་ཡང༌།། བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི།། ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། རྨོངས་པ་དང་འགྲན་སེམས་ཀྱི་གཞན་དབང་དུ་ལྷུང་བའི་སྐྱེ་བོ་འགའ་ཞིག་གིས་བདག་ལ་བདེན་པའི་རང་བཞིན་མ་ཡིན་པའི་གཞི་མེད་སྒྲོ་སྐུར་གྱིས་ངན་སྨྲས་དང༌། ཚིག་མཚོན་སོགས་མི་སྙན་པ་སྣ་ཚོགས་པ་དག་སྟོང་གསུམ་འཇིག་རྟེན་ཡོངས་སུ་ཁྱབ་པར་སྒྲོག་པར་བྱེད་ན་ཡང༌། སྙིང་རྗེ་དང་བྱམས་པའི་སེམས་ཀྱིས་དེའི་ལན་དུ་ཕྱིར་ཁྲོ་བ་དང་འཁོན་འཛིན་མི་བྱེད་པར་སླར་ཡང་སྐྱེ་བོ་དེ་དག་ཉིད་ཀྱི་ཡོན་ཏན་གང་ནུས་བརྗོད་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ་ཞེས་པ་སྟེ། སྤྱོད་འཇུག་ལས། གཞན་གྱི་གྲགས་པ་ལྷག་བརྗོད་པས།། རང་གི་གྲགས་པ་ཟིལ་གྱིས་གནོན།། བདག་ནི་བྲན་གྱི་ཐ་མ་ལྟར།། དོན་རྣམས་ཀུན་ལ་བཀོལ་བར་གྱིས།། ཞེས་གསུངས་པ་དང་དོན་འདྲའོ།། བཞི་པ་སྨད་པར་བཟོད་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་གིས།། མཚང་ནས་འབྲུས་ཤིང་ཚིག་ངན་སྨྲ་ན་ཡང༌།། དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས།། གུས་པས་འདུད་པ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། འགྲོ་བ་མང་པོ་ཚོགས་ཤིང་འདུས་པའི་དབུས་སུ་རང་རྒྱུད་མ་དུལ་བའི་སྐྱེ་བོ་འགའ་ཞིག་གིས། བདག་གི་མཚང་ནས་འབྲུས་ཤིང་རྐུན་ཇག་དང་གཡོ་ཁྲམ་སོགས་མི་འོས་པའི་ཚིག་ངན་སྣ་ཚོགས་སྨྲ་ན་ཡང༌། སྨྲ་བ་པོ་དེ་ཉིད་ལ་ཕྱིར་འཁོན་འཛིན་དང་ཁྲོ་བ་མི་བྱེད་པར་དེ་ལས་ལྡོག་སྟེ། བཀའ་གདམས་གླེགས་བམ་ལས། མཚང་ལ་ཕོག་པ་གདམས་ངག་གི་མཆོག་ཏུ་གསུངས་པ་ལྟར། རང་གི་སྐྱོན་ཡོན་ཡོ་བསྲང་མཛད་མཁན་གྱི་དགེ་བའི་བཤེས་གཉེན་དངོས་ཀྱི་འདུ་ཤེས་ཀྱིས་སྒོ་གསུམ་གུས་པ་དང་འདུད་པར་བྱེད་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ།། ཞེས་པ་སྟེ། བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པས། གང་ལ་བདག་གིས་ཕན་བཏགས་པའི།། རེ་བ་ཆེ་བ་འགའ་ཞིག་གིས།། ཤིན་ཏུ་མི་རིགས་གནོད་བྱེད་ནའང༌།། བཤེས་གཉེན་དམ་པར་བལྟ་བར་ཤོག། ཅེས་གསུངས་པ་དང་གནད་གཅིག་གོ། ལྔ་པ་ཁྱད་གསོད་ལ་བཟོད་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ། བདག་གི་བུ་བཞིན་གཅེས་པར་བསྐྱངས་པའི་མིས།།

བདག་ལ་དགྲ་བཞིན་ལྟ་བར་བྱེད་ན་ཡང༌།། 

ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ།། ལྷག་པར་བརྩེ་བ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། བར་མའི་སེམས་ཅན་རྣམས་ལྟ་ཅི། བདག་གི་ཤ་ཁྲག་ལས་ཆད་པའི་བུ་དངོས་བཞིན་དུ་ཡུན་རིང་མོ་ནས་བྱམས་པ་དང་བརྩེ་བའི་སེམས་ཀྱིས་ཆོས་དང་ཟང་ཟིང་གིས་གཅེས་པར་བསྐྱངས་པའི་མིས། དྲིན་བཟོ་བའི་ཚབ་ཏུ་བདག་ལ་དགྲ་བཱུའི་དྭངས་མ་བཞིན་དུ་ལྟ་བར་བྱེད་ན་ཡང༌། དེ་ལ་ཕྱིར་ཁོང་ཁྲོ་དང་ཞེ་སྡང་གིས་འཁོན་འཛིན་མི་བྱེད་པར། དཔེར་ན་སྙིང་ལ་ཚ་བའི་རིམས་ནད་ཀྱིས་བཏབ་པའི་བུ་སྨྱོན་པ་ལ་མ་ཡིས་རང་གི་བུ་གཞན་དག་ལས་ཀྱང་ལྷག་པར་བརྩེ་བས་སྐྱོང་བ་དེ་བཞིན་དུ། སྡིག་གྲོགས་ཀྱི་གཞན་དབང་དུ་ལྷུང་ནས་བླང་དོར་དང་བཟང་ངན་མི་ཤེས་པའི་སྐྱེ་བོ་ཐ་ཤལ་དེ་རིགས་ལ་ལྷག་པར་བརྩེ་བའི་སྒོ་ནས་བཟོད་པ་སྒོམ་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ།། ཞེས་པ་སྟེ། དགེ་བཤེས་གླང་ཐང་པས། རང་བཞིན་ངན་པའི་སེམས་ཅན་རྣམས།། སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།། རིན་ཆེན་གཏེར་དང་ཕྲད་པ་ལྟར།། རྙེད་པར་དཀའ་བའི་གཅེས་འཛིན་ཤོག། ཅེས་གསུངས་པ་དང་དོན་འདྲའོ།། དྲུག་པ། འགྲན་སེམས་ལ་བཟོད་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། རང་དང་མཉམ་པའམ་དམན་པའི་སྐྱེ་བཱུ་ཡིས།། ང་རྒྱལ་དབང་གིས་བརྙས་ཐབས་བྱེད་ན་ཡང༌།། བླ་མ་བཞིན་དུ་གུས་པས་བདག་ཉིད་ཀྱི།། སྤྱི་བོར་ལེན་པ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། རིགས་རུས་ཆོ་འབྲང་ངམ་དབང་ཕྱུག་ལོངས་སྤྱོད་སོགས་རང་དང་མཉམ་པའམ་རང་ལས་དམན་པའི་སྐྱེ་བོ་འགའ་ཡིས་ཕྲག་དོག་དང་རློམ་པའི་ང་རྒྱལ་གྱི་དབང་གིས་བདག་ལ་བརྙས་བཅོས་དང་མཐོང་ཆུང་འདྲ་མིན་བྱེད་ན་ཡང༌། དེ་ལ་བློ་སྦྱོང་ཚོགས་བཤད་མར། ཕར་ལ་གནོད་པ་ཅི་ཡང་མ་བྱས་ཀྱང་ཚུར་ལ་གནག་པའི་རིགས་སྐྱེ་བ་སྔ་མའི་ཤ་འཁོན་གྱི་བྱུང་བ་ཡོད་དེ། དེ་ལ་ཞེ་སྡང་གི་བློ་བརྡོལ་ན་སྙིང་རྗེའི་ཐག་པ་འཆད་ཟེར་བ་ལྟར་ཡོད་པས་བཀོལ་ལ་རྟག་ཏུ་སྒོམ། ཞེས་གསུངས་པ་ལྟར་ཞེ་སྡང་གི་བློ་བརྡོལ་ནས་ཕྱིར་མི་ཁྲོ་བར་སྐྱེ་བོ་དེ་དག་རང་གི་བླང་དོར་ལེགས་ཉེས་ཚུལ་བཞིན་སྲུང་བར་མཛད་མཁན་གྱི་བླ་མ་བཞིན་དུ་སྒོ་གསུམ་གུས་པས་རྐང་རྡུལ་ཚུན་ཆད་ཀྱང་བདག་ཉིད་ཀྱི་སྤྱི་བོར་ལེན་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ་ཞེས་སོ།། བདུན་པ་སྡུག་བསྔལ་དང་ལེན་གྱི་བཟོད་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ། འཚོ་བས་ཕོངས་ཤིང་རྟག་ཏུ་མི་ཡིས་བརྙས།། ཚབ་ཆེན་ནད་དང་གདོན་གྱིས་བཏབ་ཀྱང་སླར།། འགྲོ་ཀུན་སྡིག་སྡུག་བདག་ལ་ལེན་བྱེད་ཅིང༌།། ཞུམ་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། དཀའ་སྤྱད་འབད་པ་དྲག་པོས་ཐར་པ་མཆོག་གི་གོ་འཕང་ཁོ་ན་ལ་གཅིག་ཏུ་གཞོལ་བར་བྱས་ཤིང༌། དེ་ལས་གཞན་ཟས་གོས་གནས་མལ་སོགས་ལ་འབད་པ་ལྷུར་ལེན་མི་བྱེད་པས། འཚོ་བས་ཕོངས་ཤིང་ལུས་ཀྱི་ཤ་མདོག་ཉམས་ཏེ་མདོག་མི་སྡུག་པར་གྱུར་པ་ན། དེ་ལས་བརྟེན་ནས་ཉིན་མཚན་རྟག་ཏུ་བླང་དོར་གྱི་གནས་ལུགས་མི་ཤེས་པའི་མི་ཡིས་བརྙས་བཅོས་བྱེད་པ་དང༌། འཚོ་ཆས་ཞན་པའི་དབང་གིས་ལུས་ཀྱི་ཤུགས་ཉམས་ཏེ་རླུང་མཁྲིས་བད་ཀན་སོགས་ཚབས་ཆེན་པའི་ནད་ཀྱིས་ཟིན་པ་དང༌། དཀར་ཕྱོགས་ལ་སྡང་བའི་གདོན་བགེགས་འབྱུང་པོའི་རིགས་རྣམས་ཀྱིས་རྐྱེན་དང་བར་ཆད་ཀྱི་གནོད་པས་བཏབ་ཀྱང༌། དེ་དག་ལ་ཕྱིར་མི་ཁྲོ་བར་རྐྱེན་ངན་ལམ་ལངས་ཀྱི་གདམས་པ་ལ་བརྟེན་ནས་སླར་འགྲོ་ཀུན་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དང༌། དེས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་མི་འདོད་པ་ཐམས་ཅད་བདག་ཉིད་ཀྱི་ཐོག་ཏུ་དང་བ་ཆེན་པོས་ལེན་པར་ནུས་པའི་སྤོབས་པ་བསྐྱེད་པར་བྱེད་ཅིང༌། དེ་ལྟར་ནུས་པའི་སྙིང་སྟོབས་ཞུམ་པ་མེད་པར་རྒྱུན་དུ་བསྟེན་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ་ཞེས་པ་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། སྣོད་བཅུད་སྡིག་པའི་འབྲས་བུ་ཡོངས་གང་སྟེ།། མི་འདོད་སྡུག་བསྔལ་ཆར་ལྟར་འབབ་གྱུར་ཅིང༌།། ལས་ངན་འབྲས་བུ་ཟད་པའི་རྒྱུར་མཐོང་ནས།། རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས།། ཞེས་གསུངས་པ་དང་འབབ་ས་གཅིག་གོ། བརྒྱད་པ་ཁེངས་དྲེགས་སྤང་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། སྙན་པར་གྲགས་ཤིང་འགྲོ་མང་སྤྱི་བོས་བཏུད།། རྣམ་ཐོས་བུ་ཡི་ནོར་འདྲ་ཐོབ་གྱུར་ཅིང༌།། སྲིད་པའི་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས།། ཁེངས་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། ཕྱི་ནང་རིག་པའི་གནས་ཀུན་ལ་མཁས་ཤིང་འཆད་རྩོད་རྩོམ་པའི་མཛད་པ་དང་ལྟ་སྒོམ་སྤྱོང་པའི་འཕྲིན་ལས་སོགས་ཀྱིས་སྙན་པར་གྲགས་ཤིང༌། དེ་ལ་བརྟེན་ནས་འགྲོ་བ་མང་པོས་སྐྱབས་སུ་བཟུང་ནས་སྤྱི་བོས་བཏུད་པ་དང༌། ནོར་ཟང་ཟིང་གི་དངོས་པོ་གསེར་དངུལ་དང་ནོར་བུའི་རིགས་སོགས་རྙེད་པར་དཀའ་ཞིང་རིན་ཐང་ཆེ་བའི་འདོད་རྒུའི་ལོངས་སྤྱོད་རྣམ་ཐོས་བུ་ཡི་ནོར་གྱི་བང་མཛོད་འདྲ་བ་ཐོབ་པར་གྱུར་ཅིང༌། འཁོར་བས་བསྡུས་པའི་རྙེད་བཀུར་སྙན་གྲགས་དང༌། དཔལ་འབྱོར་ལོངས་སྤྱོད། ཁ་དྲག་དབང་བཙན། རིགས་གཟུགས་ལང་ཚོ་སོགས་བྱེ་མའི་མཆིང་བུ་བཞིན་སྙིང་པོ་མེད་པར་གཟིགས་ནས། དེ་དག་ཐོབ་ཀྱང་རློམ་པ་དང་ཁེངས་པའི་ང་རྒྱལ་མཆིལ་མའི་ཐལ་བ་བཞིན་སྤངས་ནས་མེད་པར་བྱེད་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ་ཞེས་པ་སྟེ། སྤྱོད་འཇུག་ལས། བྱེ་མའི་ཁང་བུ་བརྡིབས་གྱུར་ན།། བྱིས་པ་རྣམས་ནི་ག་ཆད་ངུ།།། དེ་བཞིན་བསྟོད་དང་གྲགས་ཉམས་ན།། རང་གི་སེམས་ནི་བྱིས་པ་བཞིན།། ཞེས་གསུངས་པ་དང་མཐུན་ནོ།། དགུ་པ་ཞེ་སྡང་སྤོང་བ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། རང་གི་ཞེ་སྡང་དགྲ་བོ་མ་ཐུལ་ན།། ཕྱི་རོལ་དགྲ་ལ་བཏུལ་ཞིང་འཕེལ་བར་འགྱུར།། དེ་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས།། རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། རང་ཉིད་འདི་ཕྱི་ཀུན་ཏུ་འཕུང་ཞིང་མ་ཞི་བར་བྱེད་པའི་ནང་གི་ཞེ་སྡང་གི་དགྲ་བོ་མ་རུང་བ་འདི་ཉིད་ཇི་སྲིད་དུ་མ་ཐུལ་ན་དེ་སྲིད་དུ་རང་དང་འཁོན་འཛིན་ཤོར་བའི་ཕྱི་རོལ་གྱི་དགྲ་བོ་རྣམས་ལ་རང་སྲོག་བློས་གཏོང་གིས་བཏུལ་ཞིང་རྒོལ་ན་ཡང༌། ཁྲོན་པའི་ཆུ་ལྟར་བཅུས་ཤིང་འཕེལ་བ་དང་རྒན་པའི་ཁ་སྤུ་ལྟར་གཏོགས་ཤིང་ཇེ་མང་ཇེ་མང་དུ་འཕེལ་བར་འགྱུར་ལ། དེའི་ཕྱིར་ཕྱི་རོལ་དགྲ་ལ་འཚེ་བ་མེད་པའི་གཞན་ཕན་བྱམས་དང་སྙིང་རྗེའི་དམག་དཔུང་གིས་རང་རྒྱུད་ཀྱི་ཞེ་སྡང་ཐར་པའི་ལམ་བཟང་སྒྲུབ་པའི་དགྲ་བཱུ་ཉིད་དུ་ངེས་ནས་འདུལ་བ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ།། ཞེས་པ་སྟེ། སྤྱོད་འཇུག་ལས། ས་སྟེང་འདི་དག་ཀོ་གཡོག་ཏུ། །དེ་སྙེད་ཀོ་བས་ག་ལ་ལངས། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོག་དང་འདྲ། །ཞེས་གསུངས་པ་དང་དགོངས་དོན་གཅིག་གོ། བཅུ་པ་ཞེན་ཆགས་སྤོང་བ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། འདོད་པའི་ཡོན་ཏན་ལན་ཚའི་ཆུ་དང་འདྲ།། ཇི་ཙམ་སྤྱོད་ཅིང་སྲེད་པ་འཕེལ་བར་འགྱུར།། གང་ལ་ཞེན་ཆགས་སྐྱེ་བའི་དངོས་པཽ་རྣམས།། འཕྲལ་ལསྤོང་བ་རྒྱལ་སྲས་ལག་ལེན་ཡིན།།

 ཞེས་གསུངས། དོན་ནི་མཛེས་པའི་གཟུགས་དང་སྙན་པའི་སྒྲ་སོགས་འཇིག་རྟེན་སྲིད་པའི་བསྡུས་པའི་འདོད་པའི་ཡོན་ཏན་རྣམས་ནི་ལན་ཚའི་ཆུ་དང་འདྲ་བ། ཇི་ཙམ་སྤྱད་ཅིང་སྤྱོད་པ་དེ་ཙམ་གྱིས་སྲེད་པ་འཕེལ་བར་འགྱུར་བས། དེས་ན་རྒྱུ་ནོར་གྱི་རིན་ཐང་དང༌། ཆུང་མའི་ལང་ཚོ་སོགས། གང་ལ་ཞེན་ཆགས་སྐྱེ་བའི་དངོས་པོ་རྣམས། འཁོར་བའི་བཙཽན་དུ་འཆིང་བྱེད་ཀྱི་ཞགས་པ་དང༌། ཐར་པའི་ལམ་ཆེན་སྒྲིབ་པའི་ཡོལ་བ་ཉིད་དུ་མཐོང་ནས་འཕྲལ་དང་འཕྲལ་ལ་མཆི་མའི་ཐལ་བ་བཞིན་སྤོང་བ་རྒྱལ་སྲས་བྱང་ཆུབ་སེམས་པ་རྣམས་ཀྱི་ལག་ལེན་ཡིན་ནོ།  །གཞན་དོན་གྲུབ་པའི་ཡན་ལག་ཏུ། འདོད་ཆགས་ཆེད་དུ་གཉེར་ནས་མི་སྤོང་བ་གསུངས་པ་ནི་འཕགས་ཆེན་དམ་པའི་རྣམ་ཐར་དམིགས་ཀྱིས་བསལ་བ་སྟེ། འཕགས་པ་ལྷས༌། འདོད་ཆགས་མཛར་མི་མཛར་འདྲ། ཞེས་སོགས་གསུངས་པ་ལས་ཤེས་ནུས་སོ།།

བཅུ་གཅིག་པ། གཏི་མུག་སྤོང་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ལ། གནས་ལུགས་གཏན་ལ་འབེབས་པ་དང༌། ཡིད་དུ་འོང་བ་རང་བཞིན་གྱིས་མེད་པ། ཡིད་དུ་མི་འོང་རང་བཞིན་གྱིས་མེད་པར་ལྟ་བ་དང་གསུམ། དངཔོ་གནས་ལུགས་གཏན་ལ་འབེབས་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། ཇི་ལྟར་སྣང་བ་དེ་དག་རང་གི་སེམས།། སེམས་ཉིད་འདོད་ནས་སྤྲོས་པའི་མཐའ་དང་བྲལ།། དེ་ཉིད་ཤེས་ནས་གཟུང་འཛིན་མཚན་མ་རྣམས།། ཡིད་ལ་མི་བྱེད་རྒྱལ་སྲས་ལག་ལེན་ཡིན།།

  ཞེས་གསུངས། དོན་ནི། ཇི་ལྟར་གཟུགས་སོགས་ཕྱི་ནང་གི་ཆོས་རྣམས་རང་བཞིན་གྱིས་གྲུབ་པ་མེད་ཀྱང་ཡོད་པ་ལྟར་སྣང་བ་དེ་དག་གཏི་མུག་མ་རིག་པའི་གཞན་དབང་དུ་སོང་བའི་རང་གི་སེམས་འདིས་སྒྲོ་གཏགས་པ་ཁོ་ན་ཡིན་ལ། དེ་ལྟར་སྒྲོ་འདོགས་བྱེད་ཀྱི་སེམས་རང་ཉིད་ཀྱང་གདོད་མ་ནས་ཡོད་མེད་ཀྱི་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དེ་ཉིད་ལུང་དང་རིགས་པའི་ལམ་ནས་ལེགས་པར་ཤེས་ནས། གཟུང་བ་དང་འཛིན་པའི་མཚན་མ་རྣམས་ཏེ་གཟུང་འཛིན་གྱིས་བསྡུས་པའི་ཕྱི་ནང་གི་ཆོས་ཀུན་རང་བཞིན་གྱིས་གྲུབ་པ་ཡིད་ལ་མི་བྱེད་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ། །ཞེས་པ་སྟེ་ཟླ་བ་གྲགས་པས། མདོར་ན་ཇི་ལྟརཤེས་བྱ་་མེད་དེ་བཞིན། །བློ་ཡང་གཅེས་དོན་འདི་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་གྱི་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་དགོངས་དོན་དང་མཐུན་པར་དོན་གྱིས་འབྲེལ་དབང་བཙན་པར་བྱས་ཏེ་འཆད་རུང་བ་སྙམ་སྟེ། སྤྱིར་རྒྱལ་སྲས་ཐོག་མེད་བཟང་པོ་ཉིད་ཐུན་མོང་སྣང་ངོར་ལྟ་བའི་རྣམ་བཞག་རྣམ་རིག་པ་དང་མཐུན་པར་སྣང་སྟེ་སྤྲོས་པས་ཆོག་གོ། 

གཉིས་པ་ཡིད་དུ་འོང་པ་རང་བཞིན་གྱིས་མེད་པར་ལྟ་བ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། ཡིད་དུ་འོང་པའི་ཡུལ་དང་འཕྲོད་པ་ན།། དབྱར་གྱི་དུས་ཀྱི་འཇའ་ཚོན་ཇི་བཞིན་དུ།། མཛེས་པར་མཐོང་ཡང་བདེན་པར་མི་ལྟ་ཞིང༌།། ཞེན་ཆགས་སྤོང་པ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི་རང་གི་སྙིང་དུ་སྡུག་པའི་གཉེན་ཉེ་ལོངས་སྤྱོད་སོགས༌། ཡིད་དུ་འོང་བའི་ཡུལ་གང་ཞིག་དང་འཕྲད་པ་ན། དེ་དག་དཔེར་ན་དབྱར་གྱི་དུས་སུ་ཆར་རྒྱུན་དང་ཉི་འོད་ཐབས་པའི་རྟེན་འབྲེལ་ལས་བྱུང་བའི་ཁ་དོག་ལྔ་ལྡན་གྱི་འཇའ་ཚོན་རྣམས་མིག་ལམ་དུ་མཛེས་ཀྱང༌། དོན་ལ་སྙིང་པོ་མེད་པ་ཇི་བཞིན་དུ༌། མ་བརྟག་མ་དཔྱད་པའི་བློས་ཡིད་དུ་འོང་ཞིང་མཛེས་པར་སྣང་ཡང་དོན་ལ་རང་བཞིན་གྱིས་བདེན་པ་མི་ལྟ་ཞིང༌། དེ་ལས་ལྡོག་སྟེ་འཁོར་འདས་ཀྱི་ཆོས་ཀུན་རང་བཞིན་གྱིས་གྲུབ་པར་འཛིན་པའི་ཞེན་ཆགས་སྤོང་བ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ། །ཞེས་པ་སྟེ་འཇུག་འགྲེལ་དུ་མདོ་དྲངས་པར། མེ་ལོང་ཤིན་ཏུ་ཡང་དག་པ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་འཆར་བ་དེ་བཞིན་དུ། །ལྗོན་པའི་ཆོས་ཀྱང་ཤེས་པར་གྱིས། །ཞེས་གསུངས་པ་དང་གནད་གཅིག་གོ། གསུམ་ཡིད་དུ་མི་འོང་པ་རང་བཞིན་གྱིས་མེད་པར་ལྟ་བ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། སྡུག་བསྔལ་སྣ་ཚོགས་རྨི་ལམ་བུ་ཤི་ལྟར།། འཁྲུལ་སྣང་བདེན་པ་གཟུང་བས་ཨ་ཐང་ཆད།། དེ་ཕྱིར་མི་མཐུན་རྐྱེན་དང་འཕྲད་པའི་ཚེ།། འཁྲུལ་བར་ལྟ་བ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི་ཁམས་གསུམ་འཁོར་བའི་གནས་སུ་ཚ་གྲང་བཙོ་བསྲེགས་དང༌། སྐྱེ་རྒ་ན་འཆི། དགྲ་མི་སྡུག་པ་དང་འཕྲད་པ། གཉེན་སྡུག་པ་དང་བྲལ་བ། འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་པ་སོགས་མི་འདོད་བཞིན་དུ་མྱོང་དགོས་པའི་སྡུག་སྣ་ཚོགས་པ་རྣམས་དཔེར་ན་བུ་ཤིན་ཏུ་བརྩེ་བའི་མ་ཡིས༌། རྨི་ལམ་ནང་དུ་རང་གི་བུ་ཤི་བ་རྨིས་པ་ན་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་བ་འབྱུང་ནའང་དོན་དངོས་ལ་བུ་ཤི་བ་མི་བདེན་པ་ལྟར། འཁྲུལ་སྣང་བདེན་པར་གཟུང་བའི་དབང་གིས་རིགས་དྲུག་འཁོར་བའི་གནས་སུ་རང་དབང་མེད་པར་སྐྱེ་འཆི་ལ་སོགས་པ་མི་འདོད་པའི་དངོས་པོ་སྣ་ཚོགས་ཐོག་ཏུ་བབ་པས་ཨ་ཐང་ངམ་ཡིད་ཐང་ཆད་པ་འདི་བྱུང་བས། རྒྱུ་མཚན་དེའི་ཕྱིར་སྤྱིར་ཁམས་གསུམ་འཁོར་བས་བསྡུས་པའི་སྐྱེ་རྒ་ན་འཆི་ལ་སོགས་པའི་མི་མཐུན་པའི་རྐྱེན་གང་དང་གང་ཞིག་འཕྲད་པའི་ཚེ༌། དེ་དང་དེའི་རང་བཞིན་བདེན་པར་འཛིན་པའི་རྣམ་རྟོག་ཉིད་དུ་འཁྲུང་བར་ལྟ་བ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིད་ལག་ལེན་ཡིན་ནོ། །ཞེས་པ་སྟེ༌། མདོར་ན༌། ཁམས་གསུམ་གྱི་ཆོས་ཀུན་ཆགས་སྡང་དང་བདེ་སྡུག་སྐྱེད་པའི་ཡུལ་དུ་སྣང་བ་ནི་དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པའི་རྣམ་རྟོག་འདི་ཁོ་ན་ལས་བྱུང་ཞིང༌། དེ་དག་ལས་གྲོལ་བའང་རྣམ་རྟོག་འདི་ཁོ་ན་སྤོང་པ་ལ་རག་ལས་ཏེ། ཟླ་བ་གྲགས་པས། སོ་སོ་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། མི་རྟོག་རྣལ་འབྱོར་པ་རྣམས་གྲོལ་འགྱུར་ཞིང།། རྟོག་རྣམས་ལོག་པར་འགྱུར་པ་གང་ཡིན་པ།། རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུངས།། ཞེས་གསུངས་སོ།། གཉིས་པ། ཁྱད་པར་ཕར་དྲུག་ལ་བསླབ་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ལ་དྲུག་ལས། དང་པོ་སྦྱིན་པ་གཏོང་བ་རྒྱལ་སྲས་ལག་ལེན་དུ་བསྟན་ནི། བྱང་ཆུབ་འདོད་པས་ལུས་ཀྱང་གཏོང་དགོས་ན།། ཕྱི་རོལ་དངོས་པོ་རྣམས་ལ་སྨྲོས་ཅི་དགོས།། དེ་ཕྱིར་ལས་དང་རྣམ་སྨིན་མི་རེ་བ།། སྦྱིན་པ་གཏོང་པ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི། བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་འདོད་པས་རང་གི་ལུས་དང་སྲོག་ཀྱང་གཞན་དོན་དུ་འཕང་པ་མེད་པར་གཏོང་དགོས་ན། ཕྱི་རོལ་ལྟོ་གོས་གཏམ་གསུམ་དང་ནོར་རྫས་ལོངས་སྤྱོད་ཀྱི་དངོས་པཽ་རྣམས་གཞན་ལ་གཏོང་དགོས་པ་ནི་སྨྲོས་ཀྱང་ཅི་དགོས༌། རྒྱུ་མཚན་དེའི་ཕྱིར་རང་གི་ལུས་དང་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་གང་དུ་གཏང་ནའང༌། དེའྀ་འབྲས་བུ་ཚེ་འདིར་གཞན་གྱི་དྲིན་ལན་འཇལ་བ་དང་ཕྱི་མ་རེ་འགའ་བའི་རྣམ་སྨིན་བདེ་བ་ཅུང་ཟད་ཙམ་ཐོབ་པའི་ཕྱིར་དུ་མི་རེ་བ། དེ་ལས་ལྡོག་སྟེ་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཁོ་ན་ཐོབ་པའི་ཕྱིར་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་སྤྱིན་པ་གཏོང་བ་རྒྱལ་སྲས་བྱད་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ། །ཞེས་པ་སྟེ། སྤྱོད་འཇུག་ལས༌། དེ་ལྟར་གཞན་གྱི་དོན་བྱས་ཀྱང༌། །རློམ་སེམས་དང་ནི་ངོ་མཚར་མེད། །གཅིག་ཏུ་གཞན་དོན་ལ་དགའ་བ། །རྣམ་སྨིན་འབྲས་བུའི་རེ་བའང་མེད། །ཅེས་གསུངས་པ་དང་དོན་འདྲ་ལ། འདིར་ལན་དང་རྣམ་སྨིན་ལ་མི་རེ་བ་ཞེས་པ་ཕར་ཕྱིན་ལྷག་མ་རྣམས་ལའང་སྦྱར་དགོས་སོ།། གཉིས་པ་ཚུལ་ཁྲིམས་སྲུང་བ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། ཚུལ་ཁྲིམས་མེད་པར་རང་དོན་མི་འགྲུབ་པས།། གཞན་དོན་འགྲུབ་པར་འདོད་པ་གད་མོའི་རྒྱུ།། དེ་ཕྱིར་སྲིད་པའི་འདུན་པ་མེད་པ་ཡི།། ཚུལ་ཁྲིམས་སྲུང་བ་རྒྱལ་སྲས་ལག་ལེན་ཡིན།།

ཞེས་གསུངས། དོན་ནི། གཞན་གནོད་གཞི་ལས་ལྡོག་པའི་སོར་ཐར་གྱི་སྡོམ་པ་སྲུང་བའི་ཚུལ་ཁྲིམས་ཙམ་ཡང་མེད་པར། རང་དོན་ཉི་ཚེ་བ་མངོན་མཐོ་ལྷ་མི་དང་ཉན་རང་དགྲ་བཅོམ་པའི་གོ་འཕང་ཙམ་ཡང་མི་ཐོབ་མི་འགྲུབ་ན། གཞན་དོན་འབད་མེད་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་འདོད་པ་ནི། བློ་ལྡན་མཁས་པ་རྣམས་ཀྱི་གཞད་གད་ཀྱི་གནས་ཁོ་ན་ལགས་པས། རྒྱུ་མཚན་དེའི་ཕྱིར་འཇིག་རྟེན་སྲིད་པའི་ཕུན་ཚོགས་ཆེ་ཕྲ་ཀུན་ལ་དུག་སྦྲུལ་གྱི་ཚང་ལྟར་ཉེས་དམིགས་སུ་བལྟས་ཏེ། སྲེད་པའི་འདུན་པ་མེད་པར་མ་ཟད། དེ་དག་ལས་ལྡོག་སྟེ། གཞན་དོན་ཁོ་ནའི་ཕྱིར་དུ་སོ་ཐར་དང་བྱང་སེས་ཀྱི་སྡོམ་པ་ཡི་ཚུལ་ཁྲིམས་རྣམས་མིག་གི་འབྲས་བུ་ལྟར་རྒྱུན་དུ་སྲུང་བ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ། །ཞེས་པ་སྟེ༌། ཟླ་བའི་ཞབས་ཀྱིས། སོ་སོ་སྐྱེ་བོ་རྣམས་དང་གསུང་སྐྱེས་དང༌། །རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང༌། །རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང༌། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་གསུངས་པ་དང་ཁོག་གཅིག་གོ། 

གསུམ་པ༌། བཟོད་པ་སྒོམ་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། དགེ་བའི་ལོངས་སྤྱོད་འདོད་པའི་རྒྱལསྲས་ལ།། གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་དང་མཚུངས།། དེ་ཕྱིར་ཀུན་ལ་ཞེ་འགྲས་མེད་པ་ཡི།། བཟོད་པ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས། དོན་ནི་དགེ་བའི་ལོངས་སྤྱོད་མཆོག་ཏུ་གྱུར་པ་ཐམས་ཅད་མཁྱེན་པའི་སར་བགྲོད་བྱེད་ཚོགས་གཉིས་རླབས་ཆེན་པོ་གསོག་པར་འདོད་པའི་རྒྱལ་སྲས་རྣམས་ལ་མི་དང་མི་མ་ཡིན་ལ་སོགས་པའི་ཕ་རོལ་པོ་དག་གིས། གཤེ་ཞིང་ཚང་འབྲུ་བ་དངསྡིགས་ཤིང་སྲོག་གཅོད་པ་ལ་སོགས་པའི་གནོད་བྱེད་ཐམས་ཅད་དགོས་འདོད་སྣ་དགུ་འབྱུང་བའི་རིན་ཆེན་གཏེར་དང་མཚུངས་པ་ཡིན་ཏེ། བཟོད་པ་སྒོམ་པའི་ཡུལ་མེད་ན། དེ་ལ་གོམས་པའི་བཟོད་པའི་ཕར་ཕྱིན་རྫོགས་ཏུ་མེད་པས་སོ། །དེའི་ཕྱིར་འགྲོ་བ་ཀུན་ལ་འཁོན་འཛིན་གྱི་ཞེ་འགྲས་མེད་པ་ཡིས་གནོད་ལེན་ཕན་པ་སྒྲུབ་པའི་བཟོད་པ་སྒོམ་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ། །ཞེས་པ་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཁམས་གསུམ་སྐྱེ་རྒུ་མ་ལུས་ཁྲོས་གྱུར་ཏེ། །གཤེ་ཞིང་ཚང་འབྲུ་སྡིགས་ཤིང་སྲོག་གཅོད་ཀྱང༌། །མིའཁྲུག་གནོད་ལེན་ཕན་པ་སྒྲུབ་བྱེད་པའི། །བཟོད་པའི་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས༌། །ཞེས་གསུངས་པ་དང་དོན་འདྲའོ༌། །དེས་ན་མི་བསྲུན་པའི་སྐྱེ་བོ་ནི་ནམ་མཁའ་མཐའ་བཞིན་རྫོགས་ཏུ་མེད་པས། དེ་དག་རེ་རེ་བཞིན་གཞོམ་པའི་སླད་དུ་ཇི་ཙམ་འབད་ཀྱང་དེ་ཙམ་གྱིས་འཁོན་དང་ཞེ་འགྲས་ཇེ་ཆེརའགྲོ་བ་ལས་ཉུང་དུ་མི་འགྲོ་ལ། དེ་བས་རང་རྒྱུད་ཀྱི་ཁོང་ཁྲོ་འདི་གཅིག་པུ་བཅོམ་པར་བྱས་ན། ཕྱི་རོལ་གྱི་དགྲ་བོ་ཀུན་རང་བཞིན་གྱིས་འཇོམ་པར་གྱུར་ཏེ། ཞི་བ་ལྷས། སེམས་ཅན་མི་སྲུན་ནམ་མཁའ་བཞིན༌། །དེ་དག་གཞོམ་གྱིས་ཡོང་མི་ལང༌། །ཁོ་བའི་སེམས་འདི་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་ཆོམ་དང་འདྲ། ཞེསགསུངས་སོ། ། བཞི་པ༌། བརྩོན་འགྲུས་རྩོམ་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི།

     རང་དོན་འབའ་ཞིག་སྒྲུབ་པའི་ཉན་རང་ཡང༌།
    མགོ་ལ་མེ་ཤོར་བཟློག་ལྟར་བརྩོན་མཐོང་ནས༌། 
    འགྲོ་ཀུན་དོན་དུ་ཡོན་ཏན་བྱུང་གནས་ཀྱི། 
     བརྩོན་འགྲུས་རྩོམ་པ་རྒྱལ་སྲས་ལག་ལེན་ཡིན།  །ཞེསགསུངས། དོན་ནི། རང་ཉིད་གཅིག་པུའི་དོན་དུ་ཞི་བ་མྱང་འདས་ཀྱི་གོ་འཕངའབའ་ཞིག་བརྩོན་པས་སྒྲུབ་པའི་ཐེག་པ་དམན་པ་ཉན་ཐོས་དང་རངརྒྱལ་ཡང༌། དཔེར་ན་མགོའམ་གོས་ལ་མེ་ཤོར་ན་དེ་ཉིད་མྱུར་བར་བཟློག་པའི་ཆེད་ཁོ་ན་འབད་པ་ལས་བྱ་བ་གཞན་དུ་ཅུང་ཟད་ཀྱང་མི་གཡེངས་པ་ལྟར། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པར་འབད་པ་ཆེན་པོས་བརྩོན་པ་ལྷུར་བླང་པ་མཐོང་ན། འགྲོ་བ་ཀུན་གྱི་དོན་དུ་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པར་འདོད་པའི་ཐེག་པ་ཆེན་པོའི་ལམ་ལ་བློ་སྦྱོང་བའི་རྒྱལ་སྲས་རྣམས་ཀྱིས་ཡོན་ཏན་མཐའ་དག་གང་ལས་བྱུང་བའི་གནས་ཀྱི་བརྩོན་འགྲུས་བརྩམ་དགོས་པ་ནིསྨྲོས་ཀྱང་ཅི་དགོས། དེས་ན་བདག་ཉིད་བརྙས་པ་དང༌། སྒྱིད་ལུག་པ། བྱ་བ་ངན་ཞེན་གྱི་ལེ་ལོ་རྣམས་སྤངས་ཏེ་ཐེག་པ་ཆེན་པོའི་གཞི་ལམ་འབྲས་བུ་དང་བཅས་པར་བརྩོན་འགྲུསརྩོམ་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ། །ཞེས་པ་སྟེ༌། དཔལ་མགོན་ཀླུས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན།། དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང༌།། ཡང་སྲིད་མེད་པར་བགྱིད་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པ་དང་དོན་འདྲའོ། །

ལྔ་པ། བསམ་གཏན་སྒོམ་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི།

   ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས།།
   ཉོན་མོངས་རྣམ་པར་འཇོམ་པར་ཤེས་བྱས་ནས།།
   གཟུགས་མེད་བཞི་ལས་ཡང་དག་འདས་པ་ཡི།།
   བསམ་གཏན་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །

ཞེས་གསུངས། དོན་ནི། སེམས་ཕྱི་རོལ་ཡུལ་ལ་རྣམ་པར་གཡེང་པ་དག་ཞི་གནས་ཀྱི་དམིགས་པ་ལ་རྩེ་གཅིག་ཏུ་གནས་ཤིང༌། གཞན་ན་གཡོ་མེད་རི་བོ་ལྟར་བརྟན་པ་དང་བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག་པ་ནི་ཞི་གནས་ཡིན་ལ༌། དེ་ཉིད་དང་རབ་ཏུ་ལྡན་པའི་བདག་མེད་རྟོགས་པའི་ལྷག་མཐོང་གི་སེམས་རྒྱུད་མ་ཞི་བ་བྱེད་པས་ཆགས་སོགས་ཉོན་མོངས་པ་མ་ལུས་པ་འཇོམས་པར་ཤེས་པར་བྱེད་ནས༌། དེ་ལས་གཞན་ནམ་མཁའ་མཐའ་ཡས་དང་རྣམ་ཤེས་མཐའ་ཡས༌། ཅི་ཡང་མེད༌། སྲིད་རྩེ་ཏེ་གཟུགས་མེད་སྐྱེད་མཆེད་བཞི་ཡི་སས་བསྡུས་ཀྱི་ཏིང་ངེ་འཛིན་ནི་ཤིན་ཏུ་ཕྲ་བ་དང་འོག་ས་རྣམས་ནི་རངསའི་སྐྱོན་གྱིས་ཉེས་པ་དང་བཅས་པས༌། དེ་དག་ལ་བརྟེན་ནས་ཉོན་མོངས་ཐམས་ཅད་འཛོམས་པར་མི་ནུས་ཏེ། དེས་ན་དེ་དག་ལས་ཡང་དག་པར་འདས་པ་ཡི༌། འཇིག་རྟེན་ལས་འདས་པའི་ལམ་གྱི་སེམས་རྟེན་རུང་བའི་བསམ་གཏན་སྒོམ་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ། །ཞེས་པ་སྟེ༌། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའིཐག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལས་མངོན་དགས་འགྲུབ། །ཞེས་གསུངས་པ་དང་དོན་འདྲ་ལ་འདིར་ཞི་ལྷག་གི་རྣམ་བཞག་རྒྱས་པ་ནི་གཞུང་ཆེན་པོ་དག་ལ་འདྲིས་ཤིང་རིང་དུ་བརྩོན་ན་མ་གཏོགས་བེ་བུམ་ལག་མཐིལ་ཙམ་ཞིག་ལ་བརྟེན་ནས་ཞི་ལྷག་ཏུ་འཇུག་པའི་བཀའ་གནད་དགྲོལ་བར་མི་ནུས་པས། འདི་དག་གིས་དོན་ཤེས་པར་འདོད་ན་ཅིས་ཀྱང་གཞུང་ཆེན་པོ་དག་ལ་འཇུག་དགོས་སོ། །ཞེས་ཀྱང་བསྐུལ་ལོ། ། དྲུག་པ། ཤེས་རབ་སྒོམ་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི།

    ཤེས་རབ་མེད་ན་ཕ་རོལ་ཕྱིན་ལྔ་ཡིས།། 
    རྫོགས་པའི་བྱང་ཆུབ་ཐོབ་བར་མི་ནུས་པས།།
    ཐབས་དང་ལྡན་ཞིང་འཁོར་གསུམ་གྱི་རྟོགས་པའི།།
    ཤེས་རབ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན།།

ཞེས་གསུངས། དོན་ནི། གཟུགས་སོགས་ཕྱི་ནང་གི་ཆོས་ཐམས་ཅད་ཡོད་མེད་ཡིན་མིན་ལ་སོགས་པའི་བདེན་གྲུབ་ཀྱི་སྤྲོས་པ་དང་བྲལ་བ་ནི་ཤེས་བྱའི་གནས་དེ་ཁོ་ན་ཉིད་དམ་སྟོང་པ་ཉིད་ཡིན་ལ་དེ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཤེས་རབ་མེད་ན། དེ་ལས་གཞན་སྦྱིན་སོགས་ཕ་རོལ་དུ་ཕྱིན་པ་ལྔ་ཡིས་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་པས། དེས་ན་རྫོགས་བྱང་ཐོབ་པའི་ཐབས་ཀྱི་ཆ་སྦྱིན་སོགས་དང་ལྡན་ཞིང་འཁོར་གསུམ་བདེན་པར་རྣམ་པར་མི་རྟོག་པའི་ཤེས་རབ་སྒོམ་པ་རྒྱས་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱྀ་ལག་ལེན་ཡིན་ནོ། །ཞཻས་པ་སྟེ༌། མདོ་སྡུད་པར། ཤེས་རབ་མེད་ན་མིག་མེད་ཕ་རོལ་དུ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པ་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་ཡོངས་སུ་ཟིན་གྱུར་ན། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་ཐོབ་བོ། །ཞེས་དང་ཟླ་བ་གྲགས་པས། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། །ཡུལ་དུ་འཁྲིད་པ་དེ་བཞིན་འདི་ཡང་བློས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ། །ཞེས་གསུངས་པ་རྣམས་དང་མཐུན་པ་ཡིན་ནོ། །དེ་ཡང་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་ནི་གདུལ་བྱ་འཁོར་བ་ལས་སྒྲོལ་བའི་ཕྱིར་དུ་ཡིན་ལ། གདུལ་བྱ་སེམས་ཅན་རྣམས་འཁོར་བ་ལ་འཆིང་བྱེད་ནྀ་ཆོས་དང་གང་ཟག་གི་བདག་ཏུ་འཛིན་པ་ཉིད་ཡིན་པས༌། རྣམ་པར་རྟོག་པ་འདི་ཉིད་བསལ་བའི་སླད་དུ་སངས་རྒྱས་རྣམས་ཀྱིས་སྦྱིན་སོགས་ཐབས་ཀྱིས་ཆ་བསྟན་པའི་གསུང་རབ་མཐའ་དག་ཀྱང་བདག་མེད་པ་གཉིས་ཀྱི་དོན་ཕྱིན་ཅི་མ་ལོག་པ་རྟོགས་པའི་ཡན་ལག་ཁོ་ནར་གསུང་པ་ཡིན་ཏེ། ཞི་བ་ལྷས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། ཞེས་གསུངས་པས་སོ། །དེས་ན་བཞི་བརྒྱ་པར། ཞི་སྒོ་གཉིས་པ་མེད་པ་དང༌། །ཞེས་གསུངས་པ་ལྟར་ཐེག་པ་གསུམ་ཀའི་ཞི་བ་མྱང་འདས་ཀྱི་དབྱིངས་སུ་བགྲོད་པའི་སྒོ་གཅིག་པུ་གནས་ལུགས་སྟོང་པའི་རང་ཞལ་མཇལ་བ་ལ་བླ་མ་གོང་མའི་མན་ངག་ཡིན་ཟེར་བའི་བེ་བུམ་ལག་མཐིལ་ཙམ་གྱིས་གང་ཡང་མི་ཕྱིན་པས། དེ་བས་ཀླུ་སྒྲུབ་ཡབ་ཀྱི་རྩ་འཇུག་བཞི་གསུམ་དང༌། དེ་དག་གིས་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བའི་འཇམ་མགོན་ཙོང་ཁ་བ་ཡབ་སྲས་སོགས་ཀྱྀ་དགོངས་འགྲེལ་ལེགས་བཤད་རྣམས་ལ་ཡང་ཡང་འདྲིས་ཤིང་བརྩོན་པ་དགོས་སོ། །ཞེས་ཀྱང་བསྐུལ་ལོ། ། གསུམ་པ་རྒྱུན་དུ་བསླབ་པའི་གནས་བསྟན་པ་ལ༌། ༡༽ རང་གི་སྐྱོན་ལ་བརྟག་པ་དང༌། ༢༽ གཞན་གྱི་ཉེས་པ་མི་སྨྲས་བ། ༣༽ རྩོད་གཞིའི་རྙེད་བཀུར་ལ་མི་ཆགས་པ། ༤༽ ཚིག་རྩུབ་སྤོང་བ། ༥༽ ཉོན་མོངས་འབུར་འཇོམས་བྱེད་པ། ༦༽ རྒྱུན་དུ་གཞན་དོན་སྒྲུབ་པ། ༧༽ དགེ་རྩ་རྫོགས་བྱང་དུ་བསྔོ་བ་རྒྱལ་སྲས་ལག་ལེན་དུ་བསྟན་པ་དང་བདུན་ལས། དང་པོ་རང་གི་སྐྱོན་ལ་བརྟག་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི།

      རང་གི་འཁྲུལ་བ་རང་གིས་མ་བརྟགས་ན།། 
       ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པའི།།
        དེ་ཕྱིར་རྒྱུན་དུ་རང་གི་འཁྲུལ་བ་ལ།།
        བརྟགས་ནས་སྤང་བ་རྒྱལ་སྲས་ལག་ལེན་ཡིན།།

ཞེས་གསུངས། དོན་ནི། རྒྱུན་དུ་རང་གི་སྒོ་གསུམ་གྱི་སྤྱོད་ལམ་ལ་དྲན་པ་དང་ཤེས་བཞིན་གྱིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་བའི་གནང་བཀག་མཐའ་དག་ལ་འགལ་བ་དང་འཁྲུལ་བ་འབྱུང་མིན་རང་གིས་མ་བརྟགས་པར་རང་དགར་བཞག་ན་ཕྱི་རོལ་དུ་ཆོས་པའི་གཟུགས་འཆོས་པ་ཉིད་ཀྱིས་ཆོས་མིན་གྱི་སྤྱོད་པ་ཁ་ན་མ་མཐོ་བའི་ལས་འདྲ་མིན་བྱེད་སྲིད་པས། རྒྱུ་མཚན་དེས་ན་རྒྱུན་དུ་རང་གི་སེམས་རྒྱུད་འཁྲུལ་བ་ལ་བརྟགས་ཤིང་དཔྱད་ནས་བཅས་པ་དང་བཞིན་གྱི་ཁ་ན་མ་མཐོ་བའི་ཉེས་ལྟུང་ཕྲ་མོ་ཚུན་ཆད་ཀྱང་སྟོབས་བཞིའི་བཤགས་པས་སྤོང་བར་བྱེད་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ་ཞེས་པ་སྟེ། སྤྱོད་འཇུག་ལས༌། བསླབ་པ་སྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་བར་མ་བྱས་ན༌། །བསླབ་པ་སྲུང་གཉིས་པ་གཞན་གྱི་ཉེས་པ་མི་སྨྲས་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི། ཉོན་མོངས་དབང་གིས་རྒྱལ་སྲས་གཞན་དག་གི།

    ཉེས་པ་གླེང་ན་བདག་ཉིད་ཉམས་འགྱུར་བས།།
    ཐེག་པ་ཆེ་ལ་བཞུགས་པའི་གང་ཟག་གི།
    ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན། །

ཞེས་གསུངས། དོན་ནི་ཆགས་སོགས་ཉོན་མོངས་ལ་ཡུན་རིང་གོམས་པའི་དབང་གིས་ཕ་རོལ་པའི་ནང་གི་རྟོགས་པའི་གནས་ཚད་མི་རྟོགས་པར་ཕྱིའི་སྤྱོད་ལམ་ཙམ་རྒྱུ་མཚན་དུ་བྱས་ནས་ལུས་ཅན་སྤྱི་དང་ལྷག་པར་རྒྱལ་སྲས་བྱང་ཆུབ་སེམས་དཔའ་གཞན་དང་གཞན་དག་གི་སྤྱོད་ལམ་སོགས་ཀྱི་ཉེས་པ་སྣ་ཚོགས་པ་གླེང་ན། དེས་གཞན་ལ་མི་གནོད་པ་སྨྲ་པ་པོ་རང་ཉིད་ཀྱི་བསོད་ནམས་དང་མངོན་པར་རྟོགས་པའི་ཡོན་ཏན་རྣམས་མར་ངོའི་ཟླ་བ་བཞིན་ཉམས་པར་འགྱུར་བས་རྒྱུ་མཚན་དེས་ན། ལུས་ཅན་སྤྱི་དང་ལྷག་པར་ཐེག་པ་ཆེན་པོ་ལ་ཞུགས་པའི་གང་ཟག་གི་ཉེས་པ་མི་སྨྲ་བ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ཞེས་པ་སྟེ། སྤྱོད་འཇུག་ལས་ཀྱང༌། གང་ཚེ་སྐྱེས་པར་འདོད་གྱུར་ཏམ། །སྨྲ་བ་འདོད་པར་གྱུར་ན་ཡང༌། །དང་པོར་རང་གི་སེམས་བརྟགས་ནས། །བརྟན་པས་རིགས་པ་ལྡན་པར་བྱ། །ཞེས་གསུངས་པ་ལྟར་རོ། ། གསུམ་པ་རྩོད་གཞིའི་རྙེད་བཀུར་ལ་མི་ཆགས་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི།

      རྙེད་བཀུར་དབང་གིས་ཕན་ཚུན་རྩོད་འགྱུར་ཞིང།། 
      ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་བས།། 
      མཛའ་བཤེས་ཁྱིམ་དང་སྦྱིན་བདག་ཁྱིམ་རྣམས་ལ།།
       ཆགས་པ་སྤྱོད་པ་རྒྱལ་སྲས་ལག་ལེན་ཡིན། །

ཞེས་གསུངས། དོན་ནི། འཇིག་རྟེན་ཆོས་བརྒྱད་ཀྱི་དབང་གིས༌། གདན་ས་འམ་དགཻ་འདུན་གྱི་སྡེ། དབེན་པའི་རི་ཁྲོད་སོགས་ཕན་ཚུན་འཁྲུག་ཅིང་རྩོད་པར་འགྱུར་ཞིང༌། དེ་ལ་བརྟེན་ནས་བདེ་བར་གཤེགས་པའི་གསུང་རབ་གོང་འགྲེལ་དང་བཅས་པའི་གཞུང་ལ་ཐོས་བསམ་སྒོམ་པའི་བྱ་བ་རྣམས་ཐན་པས་རྡུང་པའི་ལྗང་ལོ་བཞིན་ངང་གིས་ཉམས་པར་འགྱུར་བས། དེས་ན་ཕ་མ་སྤུན་འབྲེལ་སོགས་མཛའ་བཤེས་ཀྱི་ཁྱིམ་དང་དད་པའི་དབང་གིས་མཐུན་རྐྱེན་སྦྱོར་བའི་སྦྱིན་བདག་གི་ཁྱིམ་རྣམས་ལ་ཆགས་པ་སྤོང་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ། །ཞེས་པ་སྟེ། སྤྱོད་འཇུག་ལས། རྙེད་དང་བཀུར་སྟི་གྲགས་འདོད་པའམ། །གཡོག་འཁོར་དོན་དུ་གཉེར་འདོད་པའམ། ། བདག་སེམས་རིམ་གྲོལ་འདོད་གྱུར་ན། །དེ་ཚེ་ཤིང་བཞིན་གནས་པར་བྱ། །ཞེས་གསུངས་པ་དང་དོན་འདྲའོ། ། བཞི་པ་ཚིག་རྩུབ་སྤོང་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི།

       རྩུབ་མོའི་ཚིག་གིས་གཞན་སེམས་འཁྲུགས་འགྱུར་ཞིང༌།། 
       རྒྱལ་བའི་སྲས་ཀྱི་སྤྱཽད་ཚུལ་ཉམས་འགྱུར་བས།།
       དེ་ཕྱིར་གཞན་གྱི་ཡིད་དུ་མི་འོང་བའི།།

་ ཚིག་རྩུབ་སྤོང་བ་རྒྱལ་སྲས་ལག་ལེནན་ཡིན། ། ཞེས་གསུངས། དོན་ནི། ཁྱད་གསོད་དང་དམའ་འབེབས། གཞི་མེད་སྐུར་འདེབས་སོགས་ཀྱི་རྩུབ་མོའི་ཚིག་གིས་གཞན་གྱི་སེམས་རྒྱུད་འཁྲུག་ཤིང་ཉོན་མོངས་པ་འཕེལ་བར་འགྱུར་ཞིང༌། དེ་ལ་བརྟེན་ནསརང་ཉིད་ཀྱང་རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཉེས་བྱེད་སྡོམ་བའི་ཚུལ་ཁྲིམས་ལས་ཉམས་པར་གྱུར་བས། རྒྱུ་མཚན་དེ་ཡི་ཕྱིར་གཞན་གྱི་ཡིད་དུ་མི་འོང་བའི་ཚིག་རྩུབ་ཀྱི་རིགས་ཐ་ན་ཀྱལ་ཀ་དང་ཀུ་རེ་ཚུན་ཆད་ཀྱང་དུས་དང་རྣམ་པ་ཀུན་ཏུ་སྤོང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ། །ཞེས་པ་སྟེ་སྤྱོད་འཇུག་ལས། གང་ཚེ་བདག་བསྟོད་ལྷུར་ལེན་པའམ། །གཞན་ལ་སྨོད་པ་ཉིད་དང་ནི། །གཤེས་བཅས་འགྱེད་དང་བཅས་གྱུར་པ། །དེ་ཚེ་ཤིང་བཞིན་གནས་པར་བྱ། །ཞེས་གསུངས་པ་དང་སྒོ་མཚུངས་སོ། ། ལྔ་པ་ཉོན་མོངས་འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི།

    ཉོན་མོངས་གོམས་ན་མཉེན་པོས་བཟློག་དཀའ་བས།།
    དྲན་ཤེས་སྐྱེས་བུས་གཉེན་པོའི་མཚོན་གཟུང་ནས།།
     ཆགས་སོགས་ཉོན་མོངས་དང་པོ་སྐྱེས་མ་ཐག།།
     འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་ཡིན།  །

ཞེས་གསུངས། དོན་ནི། རང་གི་སེམས་རྒྱུད་སྲབ་སྐྱོག་མེད་པའི་རྟ་རྒོད་བཞིན་དུ་ཚམ་ཚོམ་མེད་པར་ཆགས་སོགས་ཉོན་མོངས་པར་གོམས་ཆེས་ན། ཉོན་མོངས་མཐའ་མེད་དུ་འཕེལ་ཏེ་གཉེན་པོས་ཀྱང་བཟློག་པར་དཀའ་བར་འགྱུར་བས། དེས་ནས་བླང་དོར་གྱི་གནས་ལ་མི་ཕྱུགས་པའི་དྲན་པ་དང་ཤེས་བཞིན་གྱི་སྐྱེས་བུས་དུག་གསུམ་གྱི་གཉེན་པོའི་མཚོན་ཆ་རྣོན་པོ་བཟུང་ནས། ཆགས་སོགས་ཉོན་མོངས་རྣམས་དང་པོ་རང་རྒྱུད་ལ་སྐྱེས་མ་ཐག་ནས་འབུར་འཇོམས་བྱེད་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལཻན་ཡིན་ནོ། །ཞེས་གསུངས། །འདིར་ཉོན་མོངས་འབུར་འཇོམས་བྱེད་ཚུལ་ལ། བཟོད་པའི་གོ་ཆ་དང་མི་སྡུག་པའི་ཏིང་ངེ་འཛིང་སོགས་ལ་བརྟེན་ནས་ཆགས་སྡང་མངོན་འགྱུར་གནས་སྟངས་འབུར་འཇོམས་བྱེད་ཚུལ། ཆོས་དང་གང་ཟག་གི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་ནས་ཆགས་སོགས་ཉོན་མྱོངས་པའི་རྩ་བ་དྲུང་ནས་བྱིན་ཏེ་འབུར་འཇོམས་བྱེད་ཚུལ་གཉིས་ལས་མཐར་གཏུགས་ན་ཕྱི་མ་འདི་ཉིད་ལ་རྟེན་དགོས་ཏེ་འཕགས་པ་ལྷས། དེའི་ཕྱིར་ཉོན་མོངས་ཐམས་ཅད་ནི། །གཏི་མུག་བཅོམ་པས་འཇོམས་པར་གྱུར༌། །ཞེས་གསུངས་པ་ལྟར་རོ། དྲུག་པ་རྒྱུན་དུ་གཞན་དོན་སྒྲུབ་པ་རྒྱལ་སྲས་ལག་ལེན་དུ་བསྟན་ནི༌།

       མདོར་ན་གང་དུ་སྤྱོད་ལམ་ཅི་བྱེད་ཀྱང༌། །
       རང་གི་སེམས་ཀྱིས་གནས་སྐབས་ཅི་འདྲ་ཞེས༌། །
       རྒྱུན་དུ་དྲན་དང་ཤེས་བཞིན་ལྡན་པ་ཡི། །
      	གཞན་དོན་སྒྲུབ་པ་རྒྱལ་སྲས་ལག་ལེན་ཡིན། །

ཞེས་གསུངས། །དོན་ནི། མདོར་ན་ཡུལ་གང་དུ་དུས་ནམ་ཡང་ལུས་ངག་གི་སྤྱོད་ལམ་ཅི་འདྲ་ཞིག་བྱེད་ཀྱང༌། རང་གི་སེམས་ཀྱི་གནས་སྐབས་དགེ་སྡིག་ཅི་འདྲ་ཞིག་གི་ངོ་བོར་ཕྱོགས་བཞིན་འདུག་གམ་ཞེས་དུས་རྒྱུན་དུ་དྲན་པ་དང་ཤེས་བཞིན་ལྡན་པ་ཡིས་ལེགས་པར་བརྟགས་ཏེ་རང་ཉིད་གཅེས་འཛིན་གྱི་བློ་ཡོངས་སུ་དོར་ནས། གཞན་དོན་སྒྲུབ་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་ཡིན་ནོ། །ཞེས་པ་སྟེ༌། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས། རང་དོན་སྒྲུབ་ལ་ནམ་ཡང་མི་རེ་ཞིང༌། །གཞན་དོན་འབའ་ཞིག་སྒྲུབ་ལ་གཞོལ་བ་དང༌། །སྤྱན་དང་དངོས་ཤེས་སྨྲ་མཁས་བཟོད་པ་སོགས། །གཞན་དོན་བྱེད་པའི་རྐྱེན་རྣམས་ཚང་བར་ཤོག །ཅེས་གསུངས་པ་དང་ཁོག་འདྲའོ། ། བདུན་པ་དགེ་རྩ་རྫོགས་བྱང་དུ་བསྔོ་བ་རྒྱལ་སྲས་ལག་ལེན་དུ་བསྟན་པ་ནི།

     དེ་ལྟར་བརྩོན་པས་བསྒྲུབ་པའི་དགེ་བ་རྣམས། །
      འཁོར་གསུམ་འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར། །

་ འཁོར་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱིས། །

       བྱང་ཆུབ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས། དོན་ནི། དེ་ལྟར་ཡུན་རིང་ལ་ཤུགས་དྲག་པོས་བརྩོན་པས་བསྒྲུབ་པའི་རང་རྒྱུད་སྨིན་པར་བྱེད་པའི་ཕར་ཕྱིན་དྲུག་དང༌། གཞན་རྒྱུད་སྨིན་པར་བྱེད་པའི་བསྡུ་བའི་དངོས་པོ་བཞིས་བསྡུས་པའི་དགེ་བ་རྣམས་མཐའ་ཡས་པའི་འགྲོ་བའི་སྡུག་བསྔལ་མ་ལུས་པ་བསལ་བའི་ཕྱིར་དུ་བསྔོ་བ་སྔོ་བྱེད་བསྔོ་བའི་ཡུལ་ཏེ། འཁོར་གསུམ་རང་བཞིན་གྱིས་གྲུབ་པའི་རྣམ་པར་མི་རྟོག་པ་རྣམ་པར་དག་པའི་ཤེས་རབ་ཀྱིས་རང་བདེ་ཡིད་བྱེད་དང་ཐར་པ་ཉི་ཚེ་བའི་དོན་དུ་བསྔོ་བ་མི་བྱེད་པར་རྒྱུད་ལྔའི་འགྲོ་བ་མཐའ་དག་རྫོགས་པའི་བྱང་ཆུབ་ཀྱིས་གོ་འཕང་ཐོབ་པའི་ཆེད་ཁོ་ནར་བསྔོ་བ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལག་ལེན་ཡིན་ནོ། །ཞེས་པ་སྟེ། སྤྱོད་འཇུག་ལས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང༌། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྡོའོ། །ཞེས་གསུངས་པ་དང་དོན་འདྲའོ། །དེ་ལྟར་བསྔོས་པའི་དགེ་བ་ནི་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེན་ནང་ཆུ་ཐིགས་ལྷུང༌། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོང་བསྔོས་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་དུ་མི་ཟད། །ཞེས་གསུངས་སོ། །

གསུམ་པ་ཐ་མ་དགེ་བ་འཇུག་གི་དོན་ལ། མན་ངག་ཁྱད་པར་ཅན་གྱི་གཞུང་འདི་ཇི་ལྟར་རྩོམ་པ་དང༌། བརྩམས་པའི་གཞུང་འདིའི་ཁུངས་བསྟན་པ་དང༌། ཁེངས་སྐྱུངས་ནས་བཟོད་གསོལ་ཞུ་བ། བསྟན་བཅོས་བརྩམས་པའི་དགེ་བ་བསྔོ་བ། མཇུག་བྱང་དང་ལྔ་ལས། དང་པོ་མན་ངག་ཁྱད་པར་ཅན་གྱི་གཞུང་འདི་ཇི་ལྟར་བརྩམས་པའི་ཚུལ་ནི།

      མདོ་རྒྱུད་བསྟན་བཅོས་རྣམས་ལས་གསུངས་པའི་དོན། །  
       དམ་པ་རྣམས་ཀྱི་གསུང་འདི་རྗེས་འབྲངས་ནས། །
       རྒྱལ་སྲས་རྣམས་ཀྱི་ལག་ལེན་སུམ་ཅུ་བདུན། །
       རྒྱལ་སྲས་ལམ་ལ་བློ་འདོད་དོན་དུ་བཀོད། །

ཅེས་གསུངས། དོན་ནི། སྟོན་པ་བདེ་བར་གཤེགས་པའི་གསུང་རབ་མདོ་དང་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་དང་དེ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བའི་བསྟན་བཅོས་རྣམས་ལས་གསུངས་པའི་དོན་ཟབ་ཅིང་བརླིངས་པ་དག་དམ་པ་གོང་མ་རྣམས་ཀྱི་དགོངས་པའི་ཀློང་དུ་འཁྱིལ་བའྀ་དགོངས་པའི་མན་ངག་ཁྱད་པར་ཅན་དང་འགྲོགས་པའི་གསུངས་གི་རྗེས་སུ་འབྲངས་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ལེན་དོན་ཚན་སུམ་ཅུ་སོ་བདུན་དུ་བསྡུས་ནས་འཆད་པ་འདི་ནི༌། རང་དོན་རྙེད་བཀུན་སྙན་གྲགས་སོགས་ཀྱི་ཆེད་དུ་མ་ཡིན་པར། རླབ་ཆེན་རྒྱལ་སྲས་སྤྱོད་པའི་ལམ་ལ་སློབ་པར་འདོད་པའི་ལས་དང་པོ་བ་དག་གི་དོན་དུ་འདིར་ཕྱོགས་གཅིག་ཏུ་བསྡུས་ཏེ་བཀོད་དོ། །ཞེས་པའོ། ། གཉིས་པ་བརྩམས་པའི་གཞུང་འདིའི་ཁུངས་བསྟན་པ་ནི།

    བློ་གྲོས་དམན་ཞིང་སྦྱང་པ་ཆུང་པའི་ཕྱིར། །
    མཁས་པ་དགྱེས་པའི་སྡེབ་སྦྱོར་མ་མཆིས་ཏེ། ། 
    མདོ་དང་དམ་པའི་གསུང་ལ་བརྟེན་པའི་ཕྱིར། ། 
    རྒྱལ་སྲས་ལག་ལེན་འཁྲུལ་མེད་ལེགས་པར་སེམས། །

ཞེས་གསུངས༌། དོན་ནི། སྐྱེས་སྟོབས་ཀྱི་བློ་གྲོས་དམན་ཞིང་སྦྱང་པ་ལས་བྱུང་བའི་ཡོན་ཏན་ཆུང་བའི་ཕྱིར། ཐ་སྙད་བཙུག་ལག་གནས་ལ་མཁས་པ་དག་གི་ཐུགས་ཡིད་དགྱེས་པའི་རྗོད་བྱེད་སྙན་ཚིག་དང་སྡེབ་སྦྱོར་གྱི་མཛེས་ཆ་མ་མཆིས་ཏེ། དེ་ལྟ་ནའང་བརྗོད་བྱ་བདེ་བར་གཤེགས་པའི་མདོ་སྡེ་དང༌། དེའི་དགོངས་པ་འགྲེལ་བའི་སྔོན་བྱོན་དམ་པའི་སྐྱེས་བོ་ཁྱད་ཆོས་བདུན་ལྡན་མགོན་པོ་ཞི་བ་ལྷ་སོགས་ཀྱི་གསུང་ལ་བརྟེན་པའི་ཕྱིར་ན། རླབས་ཆེན་རྒྱལ་སྲས་སྤྱོད་པའི་ལམ་ལ་སློབ་བར་འདོད་པ་དག་གི་ལག་ལེན་འཁྲུལ་མེད་ཉིད་དུ་ལེགས་པར་སེམས་སོ། །ཞེས་འདིའི་ཁུངས་དང་ལུང་རྣམ་པར་དག་པས་འདི་ཉིད་ལ་བསླབ་པ་གདམས་པ་ཡིན་ནོ། ། གསུམ་པ་ཁེངས་པ་སྐྱུངས་ནས་བཟོད་གསོལ་ཞུ་བ་ནི།

   འོན་ཀྱང་རྒྱལ་སྲས་སྤྱོད་པ་རླབས་ཆེན་རྣམས། །
   བློ་དམན་བདག་འདྲས་གཏིང་དཔག་དཀའ་བའི་ཕྱིར། །
    འགལ་དང་མ་འབྲེལ་ལ་སོགས་ཉེས་པའི་ཚོགས། ། 
    དམ་པ་རྣམས་ཀྱི་བཟོད་པར་མཛད་དུ་གསོལ། ། །

ཅེས་གསུངས། དོན་ནི། འོན་ཀྱང་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་གསུངས་དོན་ནི། ཇི་སྐད་དུ་མདོ་ལས། ཀུན་དགའ་བོ་རྒྱ་མཚོ་ཐམས་ཅད་ཀྱི་གཏིང་གི་ཚད་ནི་བཟུང་བར་ནུས་ཀྱིས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང༌། ཡེ་ཤེས་དང༌། དྲན་པ་དང༌། གཟུགས་དང༌། སྤོབས་པའི་གཏིང་གི་ཚད་ནི་བཟུང་བར་མི་ནུས་སོ། །ཞེས་གསུངས་པ་ལྟར། བློ་དམན་པ་བདག་དང་བདག་འདྲས་གཏིང་དཔག་པར་དཀའ་བའི་ཕྱིར་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱྀ་བརྗོད་བྱའི་དོན་ལ་འགལ་བ་དང་རྗོད་བྱེད་ཚིག་གི་གོང་འོག་མ་འབྲེལ་བ་དང་གོ་རིམ་འཆལ་བ་ལ་སོགས་པའི་ཚིག་དོན་གཉིས་ཀའི་ཆར་ཉེས་པས་ཚོགས་ཅི་ཞིག་མཆིས་པ་དེ་ཀུན། སྐྱེ་བོ་དམ་པ་སྤྱི་དང་ལྷག་པར་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་ཚུལ་བཞིན་དུ་སློབ་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ༌། །ཞེསཔ་སྟེ། ཀུན་མཁྱེན་དབྱིག་གཉེན་གྱིས། ཉེས་པ་གྱུར་གང་དེ་ནི་བདག་གིས་ཉེས། །དམ་ཆོས་ཚུལ་ཚད་མ་ཐུབ་རྣམས་ཡིན། །ཞེས་གསུངས་པ་དང་སྒོ་བསྟུན་པའོ། ། བཞི་པ་བསྟན་བཅོས་བརྩམས་པའི་དགེ་རྩ་བསྔོ་བ་ནི།

      དེ་ལས་བྱུང་བའི་དགེ་བས་འགྲོ་བ་ཀུན། ། 
      དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་མཆོག་གིས། །
     སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི། །
     སྤྱན་རས་གཟིགས་མགོན་དེ་དང་མཚུངས་པར་ཤོག །

ཅེས་གསུངས། དོན་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་མཐའ་དག་གི་སྙིང་པོ་གཅིག་ཏུ་དྲིལ་ཏེ་ལག་ལེན་དོན་ཚན་སོ་བདུན་དུ་བཀོད་པ་དེ་ལས་བྱུང་བའི་དགེ་བས། ཁམས་གསུམ་འཁོར་བའི་གནས་ལ་འཁྱམ་པའི་འགྲོ་བ་ཀུན། ཤེས་བྱའི་གནས་ལུགས་མངོན་སུམ་གཟིགས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་དང༌། སྨོན་པ་དང་འཇུག་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མཆོག་ཟུང་གིས་སྲིད་པ་འཁོར་བ་དང༌། ཞི་བའི་མཐའ་ཉན་རང་གི་ཐར་པ་ལ་མི་གནས་པའི་གོ་འཕང་མཆོག་གི་མཐར་མཛེགས་པ། འགྲོ་བ་ཀུན་ལ་བརྩེ་བ་སྙིང་རྗེ་ཆེན་པཽའི་སྤྱན་གྱིས་གཟིགས་པ་དུས་ལས་གཡོལ་བ་མེད་པ་འཕགས་མཆོག་སྤྱན་རས་གཟིགས་ཞེས་འགྲོ་བ་ཀུན་གྱི་མགོན་དང་དཔུང་གཉེན་དམ་པ་དེ་དང་མཚུངས་པར་ཤོག །ཅེས་སྨོན་པའོ། །

  ལྔ་པ་འཇུག་གི་མཛད་བྱང་ནི། 

ཅེས་པ་འདི་རང་གཞན་ལ་ཕན་པའི་དོན་དུ་ལུང་དང་རིག་པ་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་དངུལ་ཆུ་རིན་ཆེན་ཕུག་ཏུ་སྦྱར་བའོ༌། ། ཞེས་གསུངས། དོན་ནི། རྒྱལ་སྲས་རྣམས་ཀྱི་ཉམས་ཀྱི་ལེན་སྙིང་པོར་དྲིལ་བའི་ལག་ལེན་སོ་བདུན་མ་ཞེས་པ་འདི་ཉིད་ཁུངས་གང་དུ་གཏུགས་པ་ཡིན་ཞེ་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་སྤྱི་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སོགས་ལ་གཏུགས་ནས་བཏུས་པ་ཡིན་ནོ། །གང་གི་དོན་དུ་བརྩམས་པ་ཡིན་ཞེ་ན་རང་དང་གཞན་ལ་ཕན་པའི་དོན་དུའོ། ། སུས་བརྩམས་པ་ཡིན་ཞེ་ན། བདེ་བར་གཤེགས་པའི་ལུང་དང་སྡེ་བདུན་གྱི་རིགས་པ་སྨྲ་བའི་མཁས་པ་དང་སྡོམ་གསུམ་གྱི་བཅས་པ་ལ་གནས་པའི་བཙུན་པ་སྟེ། མཁས་བཙུན་གཉིས་ལྡན་གྱི་ཤཱཀྱའི་དགེ་སློང་ཐོགས་མེད་བཟང་པོ་ཉིད་ཀྱིས་སོ། །གང་དུ་ན་གཙང་གཡོན་རུ་བཞད་དངུལ་ཆུ་རི་ཁྲོད་རིན་ཆེན་སྦྲག་ཏུ་སྦྱར་བའོ། །ཞེས་པ་སྟེ། ཟླ་བ་གྲགས་པའི་སྒྲོན་གསལ་འགྲེལ་པ་ལས། རྩོམ་པ་པོ་གང་གིས་མཛད་པ། ཁུངས་གང་ལས་བཏུས་པ། ཕྱོགས་གང་དུ་གཏོགས་པ། དགོས་ཆེད་གང་ཡིན་པ། དབུ་ཞབས་ཀྱི་དོན་ཏེ། རྩིས་མགོ་ལྔར་བསྡུས་ཏེ་གསུངས་པ་དང་ཕྱོགས་འདྲ་སྟེ་གོ་སླའོ། ། སྨྲས་པ། རྒྱལ་བ་རྒྱ་མཚོའི་གསུངས་རབ་འོ་མའི་མཚོ། ། རྒྱལ་སྲས་རྒྱ་མཚོའི་སྲུབས་ཤིང་གིས་དཀྲུགས་པས། ། སེམས་བསྐྱེད་རྒྱ་མཚོའི་སྙིང་པོར་སྨིན་པ་ལ། ། དད་པ་རྒྱ་མཚོས་ཡིད་དབང་མི་བརྟས་སུ། ། བྱང་ཆུབ་ཕྱོགས་ཀྱི་གྲངས་སྡན་བསླབ་བྱའི་གཏམ། ། གཏམ་གྱི་ཡང་སྙིང་འདི་ཀོ་ཐོས་པ་དང༌། ། དང་བའི་ཡིད་ཀྱི་རང་གཞན་འགྲོ་བ་ཀུན། ། ཀུན་བཟང་གདོད་མའི་ཞིང་དུ་བརྟོལ་བའི་སླད། ། མཚན་ལྡན་ཤེས་བཉེན་དུ་མའི་ཞལ་སྔ་ནས། ། གསུང་རབ་དགོངས་འགྲེལ་བཅས་པའི་གཞུང་ལུགས་དོན། ། མང་དུ་ཐོས་ཤིང་རིགས་པས་དཔྱད་བྱས་ཏེ། ། ཤིན་ཏུ་གོ་སླའི་ངག་གིས་སྡེབ་སྟེ་སྦྱོར། ། འདི་ཀོར་ཚིག་དོན་ནོངས་པའི་ཆ་མཆིས་ན། ། སྲས་བཅས་རྒྱལ་བའི་སྤྱན་སྔར་འཐོལ་ཞིང་བཤགས། ། འདི་འབད་དགེ་བས་རྒྱུད་ལྔའི་འགྲོ་བ་ཀུན། ། ཐེག་མཆོག་དམ་པའི་མགོན་གྱིས་རྗེས་བཟུང་ཤོག །

      ཅེས་རྒྱས་སྲས་ལག་ལེན་སོ་བདུན་མའི་བསྡུས་འགྲེལ་སྲས་བཅས་རྒྱལ་བ་དགྱེས་པའི་མཆོད་སྤྱིན། ཞེས་པ་འདྀ་ནི་ཡུལ་དུས་དང་བསྟུན་ནས་ཤིན་ཏུ་གོ་སླ་བའི་ལུགས་སུ་བྱས་ཏེ། རྒྱ་བོད་མཁས་པ་དུ་མའི་ཞལ་སྔ་ནས་གཙུག་ལག་རིག་པའི་གནས་ཕལ་པོ་ཆེ་ལ་ཐོས་པ་དང་བསམ་པའི་དཔག་པ་དགེ་བ། བདེ་བར་གཤེགས་པའི་གསུངས་རབ་ཐམས་ཅད་ཀྱྀ་སྙིང་པོ་ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱིན་པའི་ཟབ་པ་དང་རྒྱ་ཆེ་བའི་གཞུང་ལུགས་རབ་འབྱམས་སྨྲ་བ་བློ་བཟང་ཐུབ་བསྟན་འཇིགས་མེད་དབང་རྒྱལ་ལམ་མིང་གཞན་ངག་དབང་དབྱངས་ཅན་དགྱེས་པའི་བློ་ལྡན་དུ་འབོད་པས། རབ་རྒྱལ་ལྕགས་འབྲུག་ལོའི་ས་ག་ཟླ་བའི་དཀར་ཤོག་རྫོགས་པ་གསུམ་པའི་ཚེས་བཟང་ལ་ཆོས་བདེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་གི་རང་ཤག་ལྔ་རིག་ནོར་བུའི་ལྡིང་ཁང་དུ་མཇུག་རྫོགས་པར་སྦྱར་བ་དགེ་ལེགས་འཕེལ།།    །།