Jump to content

རྒྱས་བྱེད་དགོན

ཡོང་ཁུངས་Wikipedia

མཚན་གཞན་ལ་རྒྱལ་བྱེད་ཚལ་ཞེས་ཀྱང་ཞུ། ཚ་རགས་ནས་སྤྱི་ལེ་༤༥ཙམ་སྙེ་མོའི་ཕྱོགས་སུ་སོང་ན་ལྷུན་སྒང་ཞེས་པའི་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། ལྷུན་སྒང་ཞེས་པ་ནི། ལྷུན་གྱིས་འགྲུབ་པའི་སྒང་གི་དོན་དང་། རྒྱལ་བྱེད་ཅེས་པ་ནི། རྒྱལ་པོ་རྒྱལ་བྱེད་ཀྱི་མཚན་དུ་ཐོགས། དགོན་དེ་ཐོག་མར་འབྲོམ་སྟོན་རྒྱལ་བའི་འབྱུངགནས་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་ཕྱག་བཏབ་གནང་བའི་གཞུ་ཀུན་རར་བླ་མ་སེར་བཙུན་པ་མཇལ་བར་ཕེབས་སྐབས་ས་ཆ་དེ་མཚན་ཉིད་ལྡན་པ་ཞིག་ཏུ་གཟིགས་ནས་སྤྱི་ལོ་༡༠༥༩ལོར་བྲག་སྟེང་གི་དབུ་རྩེ་དམར་པོ་ཞེས་པ་ཕྱག་བཏབ་གནང་ནས་ཁོང་གི་ཞང་པོ་སྐུ་ཞང་ཆོས་རྗེ་ཞུ་བ་སྐུ་ཚབ་ཏུ་འཇོག་གནང་མཛད། བཀའ་གདམས་པའི་ཆོས་འཁོར་རྒྱ་ཆེར་བསྐོར། རྒྱལ་བ་དགེ་འདུན་གྲུབ་པའང་གནས་དེར་ཞབས་བཅགས་མྱོང་ཡོད། དེ་རྗེས་ཐོན་པ་ཚང་ཞེས་པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི་ཡོངས་འཛིན། རྒྱལ་བ་ལྔ་པའི་དབུ་བླ་གནང་བ་མཁས་བཙུན་ཡོན་ཏན་རྒྱ་མཚོ་ཞུ་བས་འདུ་ཁང་མཐིལ་ཞེས་ཀ་བ་ཉི་ཤུ་ཅན་གསར་བསྐྲུན་གནང་སྟེ་དགེ་ལྡན་ལུགས་ཕྱག་བཞེད་མཛད། ལྷག་ཏུ་དགོན་འདིའི་མཁན་ཆེན་ངག་དབང་ཆོས་གྲགས་ཞུ་བའི་སྐབས་མཛད་འཕྲིན་ཤིན་ཏུ་རྒྱས་ཏེ་དགེ་འདུན་གྲངས་ལྔ་བརྒྱ་བར་འཕེལ། གཙོ་བོ་གཞི་གསུམ་གྱི་ཕྱག་ལེན་མི་ཉམས་པའི་ཐོག་རི་བོ་དགེ་ལུགས་ཀྱི་གསང་སྔགས་གྲྭ་ཚང་ཞིག་ཏུ་གྱུར་ཏེ་གཞུང་དགོན་ཨང་གཉིས་པའི་གྲས་ཤིག་ཡིན། སྔོན་འདུ་ཁང་མཐིལ་ཀ་བ་ཉི་ཤུའི་གཙང་ཁང་སྦུག་མར་རྒྱལ་བ་བྱམས་པ་ཐོག་སོ་གཉིས་ལྷག་ཙམ་དང་། འདུ་ཁང་ནང་གཙང་ཁའི་ཇོ་བོ་ཞུ་བ་གསེར་ཟངས་ཀྱི་ཇོ་བོ་ཁྲུ་གང་པ་ཞིག་ཡོད་པ་དེ་ནི་སྔོན་རྒན་མོ་ཞིག་ཡར་ཀླུངས་གཙང་པོ་དང་སྙེ་མོའི་རྨ་ཆུ་འདུས་པའི་ཁར་འབུད་ཤིང་འཐུ་སྐབས་ཕྱག་ལ་འཇོར་ཐེབས་པས་ཨ་ཚ་ཞེས་གསུངས་བྱོན་པ་དང་། རྒན་མོས་སྐུ་དེ་ཆོས་སྡེ་དགོན་པར་འབུལ་དགོས་བསམ་པ་ལ། ཆོས་སྡེ་དགོན་ལས་རྒྱལ་བྱེད་གླིང་ན་དགའ་ཞེས་གསུངས། འདུ་ཁང་ནང་གདན་དྲངས་རྗེས། ལེགས་སོ་ཞེས་གསུངས་ལན་གསུམ་བྱོན་པར་གྲགས་པའི་སྐུ་བརྙན་དང་༡༩༤༨ལོར་འགོ་བརྩམ་ཏེ་འཇིམ་བཟོ་མི་བདུན་གྱིས་དུས་ཡུན་ལོ་གཉིས་ཙམ་སྤྱད་པའི་ཐོག་སོ་ཕྱེད་གསུམ་གྱི་རྗེ་ཡབ་སྲས་གསུམ། མགོན་ཁང་ནང་འཇིགས་བྱེད་དཔའ་གཅིག་དང་། མགོན་པོ་ཕྱག་དྲུག དམ་ཅན་ཆོས་རྒྱལ། དཔལ་ལྡན་ལྷ་མོ། རྣམ་སྲས་གནོད་སྦྱིན་བཞི། གཞིས་བདག་རྫོང་བཙན་སོགས་དང་། བཀའ་བསྟན་འགྱུར་སོགས་བཞུགས། དབུ་རྩེ་དམར་པོར་སྐུ་ཞང་ཆོས་རྗེའི་གསུང་རྟེན་དང་། སྟོན་པའི་སྐུ་བརྙན་ཐོག་ཚད་མའི་ཐུགས་ཀར་འབྲོམ་སྟོན་པར་རྙེད་གནང་བའི་སྟོན་སྐུ་མཁྱིད་གང་པ། དཔལ་ལྡན་སྨྲ་བའི་སེང་གེའི་སྐུ་གདུང་། གནས་བརྟན་བྲག་རི། བཀའ་གདམས་པའི་བླ་བརྒྱུད་ཁྲུ་གང་ཙམ། མཁས་གྲུབ་རྗེ་དང་། ལེགས་ལྡན་རྗེ། རབ་འབྱོར་གྱི་སྐུ་བརྙན་མི་ཚད་མ་སོགས་མཇལ་རྒྱུ་ཡོད། ད་ལྟ་དབུ་རྩེ་དམར་པོ་ཉམས་གསོ་ཞུ་ཐུབ་མེད་ཀྱང་། འདུ་ཁང་མཐིལ་ཉམས་གསོ་ཞུས་པའི་ནང་སྔོན་གྱི་རྒྱལ་བ་བྱམས་པའི་སྐུ་གཟུགས་རང་འཇགས་ལ་དབུ་གསར་བཞེངས་གནང་བ་དང་། མགོན་ཁང་སྔོན་གྱི་དེ་རང་། རྗེ་ཡབ་སྲས་གསུམ་གྱི་སྐུ་ཚབ་མི་ཚད་མ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། ཡང་དགོན་དེའི་རྒྱབ་རིར་ཀརྨ་དུས་གསུམ་མཁྱེན་པའི་སྒྲུབ་ཕུག་དང་། སྙེ་མོ་གཞུའི་ནང་དགོན་དེའི་དགོན་ལག་ཀུན་རྭ་ཞེས་པ་དང་། ཡང་རབ་རྒྱས་གླིང་ཞེས་དགེ་ལུགས་པའི་དགོན་ཞིག རྟའུ་དགོན་ཞེས་བཀའ་བརྒྱུད་པའི་དགོན་ཞིག ཁ་ཆེ་པཎ་ཆེན་དང་། མཁན་ཆེན་བྱང་ཆུབ་དཔལ། ཚད་མེད་བསོད་ནམས་བཟང་པོ་སོགས་བཞུགས་མྱོང་བའི་དགེ་འདུན་སྒང་ཞེས་པའི་དགོན་སོགས་མཇལ་རྒྱུ་ཡོད།