རྒྱལ་སྲས་ཐོགས་མེད་བཟང་པོ།

ཡོང་ཁུངས་Wikipedia

སེར་གཙུག་གི་ཡིག་ཆ་གཞིར་བཟུང་ན། རྒྱལ་སྲས་ཐོགས་མེད་བཟང་པོའམ་དངུལ་ཆུ་ཐོགས་མེད་བཟང་པོ་དེ་ཉིད་བོད་རབ་བྱུང་ལྔ་པའི་ཤིང་ལུག་གམ་སྤྱི་ལོ་༡༢༩༥ལོར་ཡུལ་ལྷོ་ཕུལ་ཆུང་བྲག་སྐྱ་ཞེས་བྱ་བར་ཡབ་དཀོན་མཆོག་དཔལ་དང་ཡུམ་འབུམ་སྒྲོན་གཉིས་ཀྱི་སྲས་སུ་ངོ་མཚར་པའི་ལྟས་དུ་མ་དང་བཅས་སྐུ་བལྟམས། དགུང་ལོ་ལྔ་ལ་སོན་སྐབས་ཡབ་ཡུམ་གཉིས་སྔ་རྗེས་སུ་འདས་ཤིང་ཡུམ་གྱི་མ་ཨ་ཕྱི་རྒན་མོ་ཞིག་གིས་བསྐྱངས། དགུང་ལོ་བཅུ་བཞི་ལ་ཕེབས་སྐབས་བསམ་གླིང་པ་དཔལ་འབར་དང་། རིན་ཆེན་དཔལ་བཟང་གི་དྲུང་དུ་རབ་ཏུ་བྱུང་། མཚན་བཟང་པོ་དཔལ་ཞེས་གསོལ། དགུང་ལོ་བཅོ་ལྔ་ལ་བོ་དོང་ཨེར་སློབ་དཔོན་ཀུན་དགའ་རྒྱལ་མཚན་གྱི་དྲུང་དུ་མངོན་པ་སོགས་གསན་སྦྱོང་མཛད། འཇམ་དབྱངས་ཉི་མ་རྒྱལ་མཚན་གྱིས་མངོན་པ་ལས་དྲི་བ་གནང་བར་ལན་ཐོགས་མེད་དུ་བཏབ་པས་ཐོགས་མེད་བཟང་པོ་དཔལ་ཞེས་སྙན་པར་གྲགས། དེ་ནས་དཔང་ལོ་དང་བུ་དོལ་ཆོས་རྗེ་བླ་མ་སོགས་མཁས་པ་དུ་མ་བསྟེན་ནས་དགུང་གྲངས་བཅུ་དགུ་པར་བཤད་པའི་དགའ་སྟོན་སྤེལ། དགུང་ལོ་་ཉེར་ཅིག་པ་ནས་འཆད་པོའི་རིང་ལུགས་བསྐྱངས། དགུང་ལོ་ཉེར་དགུ་པ་ལ་བྱང་སེམས་རིན་མགོན་དང་། ནམ་མཁའ་སངས་རྒྱས་སོགས་ལས་བསྙེན་པར་རྫོགས། དགུང་ལོ་སོ་གཉིས་པ་ནས་ཞེ་གཅིག་གི་བར་དུ་བླ་བྲང་རྟ་རའི་གདན་ས་མཛད། དེ་ནས་ཨེའི་ཆོས་ཀྱི་ཁྲིར་གསོལ་བ་བཏབ་ཀྱང་མ་གནང་བར། དཔང་ལོ་ཆེན་པོ་སྤྱན་དྲངས་ཏེ་ཨེའི་ཆོས་ཀྱི་ཁྲིར་མངའ་གསོལ། བཤད་སྒྲུབ་ཀྱི་བསྟན་པ་ཆེས་ལྷག་པར་བསྒྲུབས་ཏེ་རེ་བདུན་ལོར་དབུས་སུ་བྱོན་། ཀུན་མཁྱེན་བུ་དོལ་གཉིས་ཀ་ལས་ཆོས་མང་དུ་ཞུས། གཙོ་བོའི་རྒྱུན་འཛིན་ནི་དཔལ་ལྡན་སེང་གེ་སོགས་ཡིན། དགུང་གྲངས་དོན་ལྔ་ལ་ཕེབས་པ་རབ་བྱུང་དྲུག་པའི་ས་བྱའམ་སྤྱི་ལོ་༡༣༦༩ལོར་དངུལ་ཆུ་རི་ཁྲོད་དུ་ཞི་བར་གཤེགས། གསུང་རྩོམ་ཐད་ངེད་ཚོས་རྒྱུས་མངའ་ཆེ་བ་ནི། མདོ་ཕྱོགས་ཀྱི་རྒྱལ་སྲས་ལག་ལེན་སོ་བདུན་མ་ཁོང་གིས་མཛད། སྔགས་ཕྱོགས་ཀྱི་རྒྱལ་སྲས་ལག་ལེན་སོ་བདུན་མ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད། གཞན་ཡང་ཁོང་གིས་སྤྱོད་འཇུག་རྩ་འགྲེལ་སོགས་མང་བར་བརྩམས་སྣང་།