Jump to content

རྒྱལ་སྲས་

ཡོང་ཁུངས་Wikipedia

རྒྱལ་སྲས་ཞེས་པ་ནི་སངས་རྒྱས་ཀྱི་སྲས་ཏེ་བྱང་ཆུབ་སེམས་དཔའི་མིང་གི་རྣམ་གྲངས་ཤིག་ཡིན། "རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་དང་དེ་ཡི་སྲས་བྱང་ཆུབ་སེམས་དཔའི་ཚོགས་"[]ཞེས་གསུངས་པ་ལྟར་རྒྱལ་བ་སངས་རྒྱས་ཀྱི་སྲས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཇུག་པའི་ཐ་སྙད་ཅིག་ཡིན་ནོ། །

མཚན་ཉིད།

[རྩོམ་སྒྲིག]

ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་རྣམ་དབྱེ་ཤེས་ཤིང་ཤེས་རབ་ཀྱི་སྟོབས་ཀྱིས་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་རྟོགས་པ་ནི་རྒྱལ་སྲས་ཀྱི་མཚན་ཉིད་དེ། "དེ་ལ་ཤེས་རབ་འབྲིང་གི་ལྟ་བ་དང་ལྡན་པ་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་ཡོངས་སུ་ཤེས་པའི་མཁས་པ་ནི་རྒྱལ་སྲས་སོ། །"[]ཞེས་དང་། "སེམས་ཅན་གང་ཞིག་ཕན་བདེ་མཐའ་དག་སྦྱིན་པར་བྱེད་པ་དེ་འདྲའི་རྒྱལ་སྲས་སྦྱིན་བདག་མཐར་ཐུག་པ་"[]ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྦྱིན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ཡིན་ནོ། །

སྒྲ་བཤད།

[རྩོམ་སྒྲིག]

"བདུད་བཞིའི་གཡུལ་ལས་རྒྱལ་བས་ན་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་དང་དེ་ཡི་སྲས་བྱང་ཆུབ་སེམས་དཔའི་ཚོགས་"[]ཞེས་གསུངས་པ་ལྟར་བདུད་བཞི་ལས་རྒྱལ་བའི་སངས་རྒྱས་ཀྱི་སྲས་སུ་གྱུར་པའི་ཕྱིར་རྒྱལ་སྲས་ཞེས་བྱའོ། །

ངོ་བོ།

[རྩོམ་སྒྲིག]

བྱང་ཆུབ་སེམས་དཔའ་བདེན་པའི་རྣམ་དབྱེ་ལ་མཁས་ཤིང་ཆོས་ཉིད་མངོན་སུམ་དུ་རྟོགས་པ་རྣམས་ལ་རྒྱལ་སྲས་ཞེས་བྱ་སྟེ། "རྒྱལ་སྲས་བྱང་ཆུབ་སེམས་དཔའ་བདེན་པ་ལ་མཁས་པས་ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང་།"[] ཞེས་གསུངས་པ་ལྟར་རོ། །"མཐར་ཐུག་གི་འབྲས་བུ་སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང་གནས་སྐབས་ཀྱི་འབྲས་བུ་རྒྱལ་སྲས་ས་ལའང་ཡི་རང་ངོ་། །"[]ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་གོ་འཕང་ལ་སློབ་པའི་སྲས་སུ་གྱུར་པའི་ཕྱིར་རྒྱལ་སྲས་ཞེས་བྱའོ། །

དབྱེ་བ།

[རྩོམ་སྒྲིག]

རྒྱལ་སྲས་ལ་དབྱེ་ན། "རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་ཅིང་ཅི་འདོད་འབད་མེད་དུ་འབྱུང་བ་"[]ཞེས་དང་། "སེམས་མཆོག་ལྷ་ཡི་ཛམྦུའི་གསེར་གྱི་རྒྱན། །མི་ལྡོག་རྒྱལ་སྲས་དབང་བསྒྱུར་རྒྱལ་པོ་ཡི། །"[]ཞེས་གསུངས་པ་ལྟར་ས་རིམ་དང་སྦྱར་ན་སོ་སྐྱེའི་རྒྱལ་སྲས་དང་འཕགས་པའི་རྒྱལ་སྲས་གཉིས་སུ་དབྱེ་བ་དང་། ཡང་ "དང་པོའི་སེམས་ལྡན་རྒྱལ་སྲས་སེང་གེའི་བུ། །"[]ཞེས་པ་ལྟར་སེམས་བསྐྱེད་གསར་པ་ནས་བཟུང་སྟེ་རྒྱལ་སྲས་སུ་འཇོག་གོ། །

ཁྱད་ཆོས།

[རྩོམ་སྒྲིག]

རྒྱལ་སྲས་རྣམས་ཀྱིས་རྟོགས་པའི་དེ་བཞིན་ཉིད་ནི་འཇིག་རྟེན་པ་དང་ཉན་རང་གི་དེ་བཞིན་ཉིད་དང་རང་བཞིན་གཅིག་པ་སྟེ། ཐམས་ཅད་ཀྱང་དངོས་པོའི་བདེན་པ་དང་བྲལ་བའི་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར། "རྒྱལ་སྲས་རྣམས་ཀྱི་ཕྱིན་ཅི་ལོག་པའི་དེ་བཞིན་ཉིད་གཅིག་པ་ཉིད་དེ་དངོས་བྲལ་ཏེ།"[༡༠] ཞེས་དང་། "རྒྱལ་སྲས་བྱང་ཆུབ་སེམས་པའི་དེ་བཞིན་ཉིད་དོ། །"[༡༡]ཞེས་གསུངས། རྒྱལ་སྲས་རྣམས་ནི་ཉན་རང་གི་བྱང་ཆུབ་ལ་མི་སློབ་པར་རྣམ་མཁྱེན་གྱི་གོ་འཕང་དོན་དུ་གཉེར་ཏེ། སངས་རྒྱས་ཀྱི་ཆོས་ལ་སློབ་པར་བྱེད་དོ། །"རྒྱལ་སྲས་བདེན་པ་བཞིའི་རྣམ་དབྱེ་ལ་མཁས་པ་དང་། བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ལམ་ཐོབ་པ་དང་། དགྲ་བཅོམ་པ་ཉོན་མོངས་པའི་དྲི་མ་བསམ་ཅིང་སོམ་ཉི་སྤངས་པ་གསུམ་དང་། བཞི་པ་ནི་སྟོང་ཉིད་སྟོན་པའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་རྣམས་སོ། །"[༡༢]ཞེས་གསུངས་པ་ལྟར་རོ། །

རྩོད་སྤོང་།

[རྩོམ་སྒྲིག]

གལ་ཏེ་རྒྱལ་སྲས་ཞེས་པ་སངས་རྒྱས་ཀྱི་སྲས་ཡིན་ན་བྱང་སེམས་ཐམས་ཅད་རྒྱལ་སྲས་སུ་འགྱུར་རམ་ཞེ་ན། དེ་ལྟར་ཡིན་ཏེ། "རྒྱལ་སྲས་ཆེན་པོ་རྣམས་ལ་གནོད་པ་དང་སྡུག་བསྔལ་བསྐྱེད་པའི་བསམ་པ་སོགས་དོ་གལ་ཆེན་པོས་ཏེ་སྲོག་ལ་བབ་ཀྱང་ཁོང་ཁྲོ་བ་སོགས་སྡིག་པའི་སེམས་མི་འབྱུང་"[༡༣]ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་ཐམས་ཅད་རྒྱལ་སྲས་ཀྱི་མིང་གིས་བསྟན་པར་མཛད་དོ། ། ཁྱད་པར་གྱི་ཡོན་ཏན། རྒྱལ་སྲས་རྣམས་ཀྱི་ཁྱད་པར་གྱི་ཡོན་ཏན་ནི་"རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་བསླབ་པའི་ཤེས་བྱ་དེ་ནི་གང་ཡང་ཡོད་པ་མིན་ཏེ་གནས་མཐའ་དག་ལ་སློབ་པ་"[༡༤] ཞེས་གསུངས་པ་ལྟར་ཤེས་བྱ་ཐམས་ཅད་ལ་མཁས་ཤིང་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཡོན་ཏན་རྫོགས་པར་བྱེད་པའོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ 81
  2. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 43
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ 26
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ 81
  5. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་དཔར། ཤོག་ངོས། 36
  6. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 44
  7. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ 664
  8. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 106
  9. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 106
  10. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 77
  11. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་དཔར། ཤོག་ངོས། 65
  12. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 13b
  13. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ 27
  14. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ 113