རྒྱལ་སྤྱི་ནང་པའི་ཆོས་དར

ཡོང་ཁུངས་Wikipedia

རྒྱལ་སྤྱི་ནང་པའི་ཆོས་དར་རམ་ནང་པའི་ཆོས་དར་ནི། འཛམ་གླིང་ནང་པའི་རྗེས་འཇུག་པ་ཡོངས་ཀྱི་ཐོན་མོང་གི་དར་ཆ་ཡིན་ལ་ནང་པ་སངས་རྒྱས་པའི་མཚོན་རྟགས་ཀྱང་ཡིན། ནང་པའི་ཆོས་དར་འདི་ནི་ཨ་རིའི་གསར་འགྱུར་གསར་འགོད་པ་ཧ་རིས་སི་ཐར་ཨོར་ཁི་ཡིས་༡༨༨༠ལོ་ལ་བཟོ་བཀོད་བྱས་པ་དང་། ༡༨༨༥ལོ་འཛམ་གླིང་ནང་པའི་མཛའ་མཐུན་གྲོས་ཚོགས་ཤི་རི་ལན་ཁར་ཚོགས་སྐབས་དད་སེམས་དང་ཞི་བདེ་མཚོན་ཆེད་ཐེངས་དང་པོར་དངོས་སུ་བེད་སྤྱོད་བྱས་པ་རེད། ༡༩༥༡ལོ་ལ་འཛམ་གླིང་ནང་པའི་མཛའ་མཐུན་ཚོགས་པ་ཤི་རི་ལན་ཁ་ལ་དབུ་བརྙེན་པ་རེད། ཚོན་སྣ་ལྔའི་དར་ཆ་འདི་ཚོགས་པ་འདིས་ཚོགས་དར་ལ་གཏན་ཁེལ་བྱས། དེ་ནས་རིམ་བཞིན་འཛམ་བུ་གླིང་ནང་པ་ཡོངས་ཀྱིས་དང་ལེན་བྱས་པས། ཚོན་སྣ་ལྔའི་དར་ཆ་ནང་པ་ཡོད་དོ་ཅོག་གི་ཐུན་མོང་མཚོན་རྟགས་སུ་ཆགས་པ་རེད། ནང་པའི་ཆོས་དར་ནི་སྔོན་པོ་དང་། སེར་པོ། དམར་པོ། དཀར་པོ། ལི་ཁྲི་སྟེ་ཚོན་སྣ་ལྔའི་ཤར་མོའི་གྲུབ་པ་དང། ཚོན་སྣ་ལྔ་དེ་དར་ཤིང་གི་འགྲམ་ནས་གཞུང་དུ་མར་གཤིབ་པ་དང་། འགྲམ་གཅིག་ལ་འཕྲེད་དུ་བརྐྱངས་པ་ཞིག་ཡིན། ནང་པའི་ཆོས་དར་གྱི་ཚོན་སྣ་ལྔ་ཡོང་ཁུངས་ནི་ལྷོ་རྒྱུད་ནང་པས་སྟོན་པ་ཤཀྱ་ཐུབ་པ་སངས་རྒྱས་པའི་སྐབས་སུ་འོད་སྔོན་པོ་དང་སེར་པོ། དམར་པོ། དཀར་པོ། ལི་ཁྲི། མདོག་ལྔ་འདྲེས་མའི་འོད་བཅས་སྣ་ཁ་དྲུག་འཕྲོས་པར་གསུངས་པ་ཡིན་པ་དེ་དང་། གཞན་པའི་བཤད་སྲོལ་ནི་སངས་རྒྱས་ཀྱིས་ལྷ་དང་། མི། དུད་འགྲོ། ཡི་དྭགས། མྱལ་བ་སྟེ་རིགས་ལྔའི་འགྲོ་བ་སྒྲོལ་བའི་ཆེད་དུ་འོད་ལྔ་འཕྲོས་པ་དེ་ཡིན། ད་དུང་ནང་པའི་ཆོས་དར་གྱི་ཚོན་སྣ་ལྔ་ལ་མཚོན་དོན་གཞན་ཡང་ཡོད་དེ། ནང་པའི་ཆོས་དར།

སྔོན་པོ། སྙིང་རྗེ་དང་། ཞི་བདེའི་མཚོན་པ།

སེར་པོ། སྟོང་ཉིད་དོན་རྟོགས་དང་། མངོན་པར་རྫོགས་པ་མཚོན་པ།

དམར་པོ ཚོགས་གཉིས་དང་། བཀྲ་ཤིས་དཔལ་འབར་མཚོན་པ།

དཀར་པོ། ཐར་པ་དང་། ཐམས་ཅད་མཁྱེན་པ་མཚོན་པ།

ལི་ཁྲི། ཆོས་ཀྱི་ངོ་བོ་ནི་ཤེས་བྱའི་དཔལ་འབར་ཡིན་པ་མཚོན་པ། གཉིས་མེད་ཡེ་ཤེས་མཚོན་པ།