རྒྱལ་ཁང་རྩེ་སྤྲུལ་སྐུ་རིན་པོ་ཆེའི་འཁྲུངས་རབས་གསོལ་འདེབས་ཞུ།

ཡོང་ཁུངས་Wikipedia
༄༅།། །བསྟན་པའི་གསལ་བྱེད་ཆེན་པོ་གྲུབ་པའི་དབང་ཕྱུགས་རྒྱལ་ཁང་རྩེ་པའི་སྤྲུལ་སྐུ་མེར་གན་པཎྜིཏ་ཧུ་ཐོག་ཐུ་བསྐལ་བཟང་བསྟན་པ་ཡར་འཕེལ་གྱི་འཁྲུངས་རབས་གསོལ་འདེབས་མོས་ལྡན་དད་གསོས་ཞེས་བྱ་བ་བཞུགས་སོ།།  


༄༅༅།། །ན་མོ་གུ་རུ་བཛྲ་པཱ་ཎི་ཡ། །རྒྱལ་བ་ཀུན་གྱིས་མཐུ་སྟོབས་ནུས་པའི་ཆེ། །གསང་བ་པ་ཡི་བདག་པོར་ཡོངས་བཞེངས་པ། །བདུད་སྡེ་མཐར་མཛད་རྡོ་རྗེ་འཛིན་པའི་མགོན། །འཕགས་མཆོག་བཛྲ༷་པཱ༷་ཎི༷ར་གསོལ་བ་འདེབས། །འཕགས་ཡུལ་གྲུབ་ཐོབ་ཀུན་གྱི་གཙུག་གི་རྒྱན། །མངོན་ཤེས་རྫུ་འཕྲུལ་དཀྱིལ་འཁོར་སྤྲོ་བསྡུ་སོགས། །ཐོགས་མེད་མངའ་བའི་རྣལ་འབྱོར་དབང་ཕྱུག་རྗེ། །དཔལ་ལྡན་ས་ར་ཧ་ལ་གསོལ་བ་འདེབས། །གང་གི་རྣམ་མང་འགྲོ་བའི་མོས་བློ་དང་། །འཚམས་པར་སྤྲུལ་པའི་བཀོད་པ་རབ་འབྱམས་ལས། །བརྩོ༷ན་འགྲུ༷ས་གཡུ༷ང་དྲུ༷ང་ཞེས་གྲགས་ཨ་ཏི་ཤའི། །སྲས་ཀྱི་ཐུ་བོར་གྱུར་ལ་གསོལ་བ་འདེབས། །མགོན་དེ་རིགས་གསུམ་ངོ་བོར་དབྱེར་མེད་ཀྱང་། །ཕྱག་ན་པདྨོའི་ཆེ་བ་ངོམས་པའི་སླད། །བློ༷ན་ཆེ༷ན་ཀུ༷ན་འགྲོ༷་བྲན་མོ་མཆུ་སྙུང་སོགས། །སྣ་ཚོགས་རོལ་པར་ཤར་ལ་གསོལ་བ་འདེབས། །འཕགས་ཡུལ་ནུབ་ཕྱོགས་ཛ་ལན་དྷ་ར་རུ། །གསང་བདག་གོ་འཕང་མངོན་གྱུར་ས༷་སྐྱོ༷ང་ཆེ། །མ༷་ཤོ༷་ཞེས་གྲགས་དྲི་མེད་བླ་མའི་སྲས། །མཐའ་ཡས་གདུལ་བྱའི་སྐྱབས་ལ་གསོལ་བ་འདེབས། །གཞན་ཡང་སྣ་ཚོགས་གདུལ་བྱ་འདུལ་བའི་སླད། །རྔ་ཡབ་གླིང་དུ་སྲི༷ན་པོ༷་ཆོ༷ས་གོ༷་ཆ༷། །གླ་བ་ནེ་ཙོ་ལ་སོགས་རྣམ་འཕྲུལ་གྱིས། །འགྲོ་བ་འདུལ་བར་མཛད་ལ་གསོལ་བ་འདེབས། །སྣ་ཚོགས་རིག་པའི་གནས་ལ་མངའ་བརྙེས་ཞིང་། །རྒྱལ་བསྟན་དྲི་མེད་སྤེལ་བའི་མཐུ་གྲུབ་པ། །སར་གནས་འཆི༷་མེ༷ད་མ༷་ཎི༷་ཏ༷་ར༷་ཞེས། །གྲགས་པའི་བ་དན་གཡོ་ལ་གསོལ་བ་འདེབས། །འཇམ་དཔལ་སྙིང་པོའི་རིགས་ཀྱི་ཅོད་པཎ་དུ། །ཡོངས་བཞེངས་གསང་འཛིན་གྲུབ་པའི་པ་ཊ་ཧ། །སྲིད་རྩེའི་བར་དུ་རབ་གྲགས་གྲུབ་དབང་ཆེ། །ན༷མ་མཁ༷འ་རྒྱ༷ལ་མཚ༷ན་ཞབས་ལ་གསོལ་བ་འདེབས། །སྔོན་ཚེ་གྲུབ་ཆེན་ལས་རྡོར་གྱུར་པའི་ཚེ། །བྱང་ཆུབ་ལྟུང་བཤགས་སྒྲུབ་པ་མཛད་པ་ན། །སངས་རྒྱས་སུམ་ཅུ་སོ་ལྔའི་ཆོས་གསུང་ཞིང་། །བྱིན་རླབས་ལུང་བསྟན་མཛད་ལ་གསོལ་བ་འདེབས། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་ཡི། །འཁོར་གྱི་མཆོག་གྱུར་དག་པ་རྣམ་བརྒྱད་ཀྱིས། །ནང་མཚན་གྲུབ་དབང་འཇམ་དཀར་བ་ཞེས་གྲགས། །བཤེས་གཉེན་དམ་པའི་ཞབས་ལ་གོལ་བ་འདེབས། །དེ་ལས་སླར་ཡང་འཇམ་མགོན་རྒྱལ་བ་ཡི། །དྲི་མེད་ཆོས་ཀྱི་ཁྲི་ལ་ལེགས་འགྱིང་ཞིང་། །ལུང་རྟོགས་བསྟན་པའི་བདག་པོ་གཅིག་གྱུར་པ། །འཇ༷མ་དབྱ༷ངས་སྨོ༷ན་ལ༷མ་དཔ༷ལ་ལ་གསོལ་བ་འདེབས། །སྙིགས་མའི་འགྲོ་ལ་བརྩེ་བས་མ་བཟོད་ནས། །མཁས་བཙུན་བཟང་པོའི་རྣམ་ཐར་ཆེས་ཟབ་པས། །དཔག་ཡས་འགྲོ་བའི་མགོན་གྱུར་བཤེས་གཉེན་ཆེ། །དཔ༷ལ་འབྱོ༷ར་རྒྱ༷་མཚོ༷འི་ཞབས་ལ་གསོལ་བ་འདེབས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྒྱ་ཆེན་པོའི། །ལག་རྗེས་ཡོངས་སྨིན་བསྟན་འགྲོའི་དཔལ་ཡོན་དུ། །ཤར་བའི་འགྲོ་བའི་དེད་དཔོན་ཆེར་གྱུར་པ། །ཆོ༷ས་འབྱོ༷ར་རྒྱ༷་མཚོ༷འི་ཞབས་ལ་གསོལ་བ་འདེབས། །གང་གི་ཐུགས་བསྐྱེད་བྱང་ཕྱོགས་བསིལ་ལྡན་གཞིར། །ལེགས་པར་སྨིན་ནས་བློ་བཟང་རིང་ལུགས་མཆོག །མཐའ་འཁོབ་གདུལ་བྱའི་གསོས་སུ་སྤེལ་མཁས་པ། །བློ༷་བཟ༷ང་བསྟ༷ན་འཛི༷ན་རྒྱ༷་མཚོ༷ར་གསོལ་བ་འདེབས། །རྣམ་མང་བཤེས་གཉེན་དུ་མའི་མགྲིན་པ་ལས། །བབས་པའི་ལེགས་བཤད་བདུད་རྩིའི་བཅུད་བཟང་པོས། །ཐུགས་ཀྱི་དཔལ་བེ་ལེགས་གཏམས་བསྟན་པའི་དཔལ། །བློ༷་བཟ༷ང་བསྟ༷ན་འཛི༷ན་དཔལ་ལ་གསོལ་བ་འདེབས། །རིང་ནས་གོམས་པའི་ཐུགས་བསྐྱེད་རྒྱ་ཆེན་པོས། །ནམ་ཡང་ཞི་བའི་བདེ་ལ་མི་ཞེན་པར། །གཅིག་ཏུ་འགྲོ་བའི་དཔལ་དུ་ལེགས་བཞེངས་པ། །ཡེ༷་ཤེ༷ས་དགེ༷་ལེ༷གས་ཞབས་ལ་གསོལ་བ་འདེབས། །ཁྱད་པར་བདག་སོགས་ཡོངས་ཀྱི་དཔལ་མགོན་དུ། །བསམ་བཞིན་མི་ཡི་ཟོལ་དུ་ཉེར་བསྒྱུར་ནས། །བསྟན་དང་འགྲོ་བའི་ཕན་བདེ་རྒྱས་མཛད་པ། །བསྐ༷ལ་བཟ༷ང་བསྟ༷ན་པ༷་ཡ༷ར་འཕེ༷ལ་ཞབས་ལ་འདུད། །གང་གི་ཞབས་སེན་བདག་ཅག་མོས་ལྡན་གྱི། །སྤྱི་བོའི་རྒྱན་དུ་རྟག་པར་འབར་བ་ལ། །ཉེ་བར་འཚེ་བའི་འགལ་རྐྱེན་ཀུན་བྲལ་ཞིང་། །མཐུན་རྐྱེནའདོད་པའི་འབྲས་བུ་སྨིན་པར་ཤོག །རྗེ་བཙུན་བླ་མས་ལྷག་པའི་ལྷར་བསྙེན་པ། །གསང་བདག་མགོན་དང་འཁོར་ལོ་བདེ་མཆོག་དང་། །ཡིད་བཞིན་འཁོར་ལོ་ལ་སོགས་ལྷག་པའི་ལྷས། །བླ་མའི་སྐུ་ཚེ་བརྟན་པར་བྱིན་གྱིས་རློབས། །རྒྱལ་བའི་སྤྱན་སྔར་ཐུབ་བསྟན་དེ་འཛིན་བཅས། །བསྲུང་བར་ཞལ་བཞེས་ལེགས་ལྡན་ཕྱག་དྲུག་དང་། །སྟོབས་འཕྲོག་ནག་པོ་དྲེགས་པ་ལྕམ་སྲིང་གིས། །མི་མཐུན་བར་ཆད་མཐའ་དག་གཞོམ་པར་མཛོད། །མདོར་ན་བདག་སོགས་མོས་ལྡན་འགྲོ་བ་ཀུན། །སྐྱེ་ཀུན་གསང་བདག་བླ་མས་རྗེས་བཟུང་ཞིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རིང་མིན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །ཡུལ་ཕྱོགས་འདིར་ཡང་མི་མཐུན་རྒུད་ཚོགས་ཀྱི། །མིང་ཡང་མི་གྲགས་དཔལ་འབྱོར་བདེ་སྐྱིད་རྒྱས། །རྣམ་དཀར་ལ་སྤྱོད་ཕུན་ཚོགས་དགེ་ལེགས་ཀྱིས། །ས་སྟེང་ཀུན་ཏུ་ཁྱབ་པས་ཤིས་གྱུར་ཅིག །།ཅེས་པ་འདི་ཡང་བྱང་ཕྱོགས་ཧོར་གྱི་ཆ་ལས་ཁལ་ཁ་གཡས་རུ་ཛ་སག་ཐུ་ཁང་གི་ཨས་མག་གི་བསྟན་པའི་གསལ་བྱེད་ཆེན་པོ་གྲུབ་པའི་དབང་ཕྱུགས་རྒྱལ་ཁང་རྩེ་པའི་སྤྲུལ་སྐུ་མེར་གན་པཎྜིཏ་ཧུ་ཐོག་ཐུ་བསྐལ་བཟང་བསྟན་པ་ཡར་འཕེལ་གྱི་སྔོན་བྱུང་སྐྱེས་རབས་དང་འབྲེལ་བའི་འཁྲུངས་རབས་གསོལ་འདེབས་རྒྱས་པ་ཞིག་དགོས་ཞེས་གང་གི་སློབ་མ་ཀོ་ཤྲི་ཆོས་རྗེ་བློ་བཟང་མཁས་གྲུབ་དང་། ཨེར་ཁེ་བྷ་ལི་གི་ཐུ་གཉེར་པ་བློ་བཟང་ཕྱོགས་གླང་གཉིས་ཀྱིས་བསྐུལ་བ་ལྟར། བློ་བཟང་བསྟན་འཛིན་རྒྱ་མཚོའི་མཛད་ཟེར་བའི་ཡིག་རྙིང་ལ་གཞི་བྱས། དེ་ནང་དུ་གྲུབ་ཆེན་ལས་ཀྱི་རྡོ་རྗེ་དང་། ཁུ་སྟོན་སོགས་འདུག་པས། སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་དུ། རྒྱལ་པོ་མ་ཤོ་ཆེན་པོ་ཁུ་ཡི་སྐྱེ་བར་གསུངས་པ་དང་། བུ་ཆོས་ནས་ཀྱང་བློན་པོ་ཀུན་ཏུ་འགྲོ་སོགས་འདུག་པ་བསྣན། ལྷོ་བྲག་གྲུབ་ཆེན་གྱི་འཁྲུངས་རབས་སུ་སྲིན་པོ་ཆོས་ཀྱི་གོ་ཆ་སོགས་འདུག་པས་ཟུར་བརྒྱན་ནས་ཅུང་ཟད་རྒྱས་པའི་ཚུལ་དུ་བྱས་ཤིང་། དེ་ལས་རྒྱས་པར་འདོད་ན་བུ་ཆོས་ཀྱི་བྱ་ཀྲོ་ལོང་ཀུན་ཏུ་རྒྱུའི་ལོ་རྒྱུད་སོགས་ཀྱི་ལེའུ་རྣམས་ནས་ཁུ་ཡི་སྐྱེ་བར་གསུངས་པ་དང་། གྲུབ་ཆེན་ལས་ཀྱི་རྡོ་རྗེའི་འཁྲུངས་རབས་རྣམས་ཀྱིས་བརྒྱན་ན་ིཤིན་ཏུ་རྒྱས་པར་ཡོང་བའི་མཚོན་བྱེད་ལྟ་བུར་རགས་བསྡུས་སུ་བགྱིས་པ་འདི་ནི། བ་སོ་སྤྲུལ་མིང་འཆང་བ་རྗེ་དྲུང་ཧུ་ཐོག་ཐུ་སྤི་ལིག་ཐུ་ནོ་མིན་ཧན་གྱིས།། འཕགས་མཆོག་ཕྱག་ན་པདྨོའི་ཡེ་ཤེས་རང་སྣང་གི་གཞལ་མེད་ཁང་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །། ༈བ་སོ་སྤྲུལ་མིང་ངམ་རྟ་ཚག་པ་ཀུན་བདེ་གླིང་སྤྲུལ་སྐུ་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོའི་གསུང་འབུམ་ནས་དགའ་ཤར་ཆོས་མཛད་བྷིཀྵུ་སུ་མ་ཏི་ཛྙཱནཱའི་ཟུར་ཕབ་ཞུས་པའོ།། །། 07/08/13