རྒྱང་འཕེན་པའི་གྲུབ་མཐའ།

ཡོང་ཁུངས་Wikipedia

རྒྱུ་འབྲས་ལ་ཆད་པར་བལྟ་བའི་མཐའ་བསལ་བ་ལ།

རྒྱང་འཕེན་པའི་ལུགས་བརྗོད། དེ་དགག་པ། བཀག་པའི་དགོས་པ་བཤད་པའོ། །དང་པོ་ནི། ཚད་མ་རྒྱ་མཚོ་མཐའ་༼༣༥ན༽ཡས་ལས་བཤད་པ་ལྟར་ཤེས་པར་བྱ་སྟེ། རྒྱུ་ལ་སྐུར་བ་འདེབས་པ་དང་། འབྲས་བུ་ལ་ སྐུར་བ་འདེབས་པ་དང་། མ་མཐོང་བའི་དོན་ལ་སྐུར་བ་འདེབས་པ་དང་། ཚད་མ་ལ་སྐུར་བ་འདེབས་པ་དང་། ཚད་མའི་སྐྱེས་བུ་ལ་སྐུར་བ་འདེབས་པ་སྟེ་རྒྱང་འཕེན་པས་སྐུར་བ་རྣམ་པ་ལྔ་འདེབས་པ་ཡིན་ནོ། །དང་པོ་ནི། ཆོས་ཐམས་ཅད་ལ་རྒྱུ་མེད་པར་འདོད་དེ། སེམས་ཅན་སྐྱེ་བ་ལས་གཞན་དུ་དགེ་བ་དང་མི་དགེ་བའི་ལས་བསགས་པའི་རྒྱུ་ཅན་མ་ཡིན་པའི་ཕྱིར་ཏེ། འདས་པའི་འཇིག་རྟེན་དེ་ནས་འདིར་འོང་བ་མེད་པའི་ཕྱིར་རོ། །དེས་ན་དངོས་པོ་རྣམས་རྒྱུ་གཏན་མེད་པར་སྐྱེས་ཏེ། ས་ལ་སོགས་པ་འདུས་པའི་ཕྱི་རོལ་ནི་མངོན་པར་མི་གསལ་བའི་སེམས་ཅན་ཡིན་ལ། སྲོག་ཆགས་རྣམས་ནི་མངོན་པར་གསལ་བའི་སེམས་ཅན་འཇིག་རྟེན་ཕ་རོལ་ནས་མ་འོངས་པའི་སྐྱེས་བུ་ཡིན་ཏེ། ཕའི་ས་བོན་དང་མའི་ཁྲག་ལ་སོགས་པ་འདུས་པ་ལས་གསལ་ཞིང་རིག་པར་འགྱུར་བའི་ཕྱིར། དཔེར་ན་ནས་དང་ཕབས་ལ་སོགས་པ་ལས་ཆང་བྱུང་བ་བཞིན་ནོ། །དངོས་པོར་གྱུར་པ་རྒྱུ་མེད་པ་ལས་སྐྱེ་བར་འདོད་པ་ནི། དྲང་སྲོང་འཇུག་སྟོབས་ཅན་ལ་སོགས་པ་སྟེ། སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་། །རྨ་བྱའི་སྒྲོ་གཤོག་རི་མོ་བཀྲ་བ་དང་། །ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་ནི། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱི་རྒྱུ། །ཞེས་འབྱུང་སྟེ། སྲན་མའི་ཟླུམ་པོ་གཞན་གྱིས་མ་བྱས་པ་ལ་སོགས་པ་དངོས་པོ་ཐམས་ཅད་རྒྱུ་མེད་པ་ཡིན་ནོ་ཞེས་ཟེར་རོ། །འབྲས་བུ་ལ་སྐུར་བ་འདེབས་པ་ནི། འཚོ་བ་མ་ཕྱིད་པའི་སྐྱེས་བུ་སྒྱུ་མ་ཅན་གྱིས་ལམ་གྱི་བཞི་མདོར་སྤྱང་༼༣༥བ༽ཀིའི་རྗེས་བྲིས་ཏེ། གྲོང་ཁྱེར་པ་ལ་སྲིན་པོ་སྤྱང་ཀི་ཞེས་བྱ་བ་ཞིག་གིས་གྲོང་ཁྱེར་པ་ཟ་བར་འགྱུར་བས་དེ་བཟློག་པའི་རིམ་གྲོར་ཟས་དང་ནོར་ཕྱི་རོལ་དུ་བོར་ལ་ཞག་བདུན་དུ་ཁྱིམ་ལས་མ་འགུལ་ཅིག་ཅེས་སྨྲ་བ་བཞིན་དུ། མང་དུ་ཐོས་པའི་དགེ་སྦྱོང་གོའུ་ཏ་མས་སྐྱེ་བ་ཕྱི་མའི་འཇིགས་པ་སྨྲས་ཀྱང་དེ་ནི་ཡོད་པ་མ་ཡིན་ཏེ། བློ་ལུས་ཀྱི་རང་བཞིན་ཡིན་པས་ལུས་ཐལ་བར་གྱུར་པ་ན་བློ་ཡང་རྒྱུན་ཆད་པས་སྐྱེ་བ་ཕྱི་མ་མེད་པའི་ཕྱིར་ཏེ། མ་ཤི་ཚེ་ན་དགའ་མགུར་སྤྱོད། །ཤི་ན་དེ་ཡི་སྤྱོད་ཡུལ་མིན། །ལུས་ཀྱང་ཐལ་བ་བཞིན་སོང་བས། །སླར་སྐྱེ་བ་ལྟ་ག་ལ་ཡོད། །ཀྱེ་མ་མང་ཐོས་གང་སྨྲ་བ། །དེ་ནི་སྤྱང་ཀིའི་རྗེས་དང་མཚུངས། །ཞེས་དང་། མཛེས་མ་ལེགས་པར་སྤྱོད་ཅིང་ཟ་བར་གྱིས། །ལུས་མཆོག་འདས་གང་དེ་ཁྱོད་ལ་མི་འགྱུར། །ལུས་འདི་ཚོགས་པར་གྱུར་པ་ཙམ་ཞིག་སྟེ། །འཇིག་གམ་སོང་བ་ལྡོག་པར་མི་འགྱུར་རོ། །ཞེས་སྐྱེ་བ་སྔ་ཕྱི་མེད་པས་དགེ་བ་དང་མི་དགེ་བའི་འབྲས་བུ་མེད་དོ་ཞེས་ཟེར་རོ། །མ་མཐོང་བ་ལ་སྐུར་བ་འདེབས་པ་ནི། མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པ་ལྷ་དང་སེམས་ཅན་དམྱལ་བ་ལ་སོགས་པ་མེད་དོ་ཞེས་ཟེར་རོ། །ཚད་མ་ལ་སྐུར་བ་འདེབས་པ་ནི། རྗེས་དཔག་ཡུལ་ལ་འཁྲུལ་བའི་ཕྱིར་ཚད་མ་མ་ཡིན་པས་ཚད་མ་ནི་མངོན་སུམ་ཁོ་ནར་ཟད་དོ་ཞེས་ཟེར་རོ། །ཚད་མའི་སྐྱེས་བུ་ལ་སྐུར་བ་འདེབས་པ་ནི། ལུས་ཞིག་པ་ན་ཤེས་པ་འགགས་པས་བསྐལ་བ་དུ་མར་དེ་ཁོ་ན་ཉིད་གོམས་པ་མི་འཐད་པ་དང་། མངོན་སུམ་གྱིས་མ་མཐོང་བས་ཐམས་ཅད་མཁྱེན་པ་དང་། སེམས་༼༣༦ན༽འདོད་ཆགས་དང་བྲལ་བ་མེད་དོ་ཞེས་སྨྲ་བ་ཡིན་ནོ། །དེ་དག་གིས་ཀྱང་བྱེད་པ་པོའི་བདག་མེད་པ་དང་། འདུས་བྱས་མི་རྟག་པ་མི་སྤོང་ཡང་འདུ་བྱེད་ལས་དང་ཉོན་མོངས་ལས་བྱུང་ཞིང་སྐྱེས་པ་ཉིད་ནས་འཆི་བའི་སྡུག་བསྔལ་ཉེ་བར་སྦྱོར་བ་སྲིད་པ་ནས་ཡང་སྲིད་པར་སྦྱོར་ཞིང་། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་གཞོལ་བ་ལ་སྐུར་བ་བཏབ་པས་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་དུ་ཁས་མི་ལེན་ལ། ཐམས་ཅད་མཁྱེན་པ་དང་སེམས་འདོད་ཆགས་དང་བྲལ་བ་མེད་པར་སྨྲ་བས་མྱ་ངན་ལས་འདས་པ་ཞི་བའང་ཁས་མི་ལེན་ཏོ། །

གཉིས་པ་དེ་དགག་པ་ནི།

བློ་ནི་བློ་སྔ་མ་སྔོན་དུ་སོང་བར་མྱོང་བས་གྲུབ་པས། རྒྱུ་སྔ་མ་སྔོན་དུ་མ་སོང་བའི་བློ་མི་སྲིད་དེ། ས་བོན་སྔོན་དུ་མ་སོང་བའི་མྱུ་གུ་མི་སྲིད་པ་བཞིན་ནོ། །དེས་ན་རྒྱུ་ལ་སྐུར་བ་འདེབས་པ་མི་འཐད་དོ། །བློ་ཙམ་ལ་བློ་ཕྱི་མ་བསྐྱེད་པའི་ནུས་པ་ཡོད་པར་མྱོང་བས་གྲུབ་པས་བློ་ཕྱི་མ་མི་བསྐྱེད་པའི་བློ་མེད་དེ། འོད་མི་བསྐྱེད་པའི་མར་མེ་མི་སྲིད་པ་བཞིན་ནོ། །མངོན་སུམ་གྱིས་མ་མཐོང་བ་ཙམ་ལས་ཚད་མའི་སྐྱེས་བུ་ཁེགས་ན། ཁྱོད་ཉིད་ཀྱི་མིག་དང་། སྙིང་དང་། སོ་ཡང་མ་མཐོང་བའི་ཕྱིར་མེད་པར་འགྱུར་རོ། །མ་མཐོང་བའི་རྟགས་ལས་ཐམས་ཅད་མཁྱེན་པ་སོགས་མེད་པར་སྒྲུབ་པ་དང་། རྗེས་དཔག་ཚད་མ་མེད་པར་ཁས་ལེན་པ་འགལ་བའི་ཕྱིར་རོ། །དེས་ན་མ་མཐོང་བའི་དོན་དང་། རྗེས་སུ་དཔག་པ་དང་། ཚད་མའི་སྐྱེས་བུ་ལ་སྐུར་བ་འདེབས་པ་རྣམས་མི་འཐད་དོ། །

གསུམ་པ་དེ་བཀག་པའི་དགོས་པ་བཤད་པ་ནི།

དེ་༼༣༦བ༽ལྟར་སྐྱེ་བ་སྔ་ཕྱི་མེད་པ་དང་། ཚད་མའི་སྐྱེས་བུ་མེད་པ་ལ་གནོད་བྱེད་ཀྱི་རིགས་པ་མཐོང་བ་ན་ཤུགས་ཀྱིས་འཇིག་རྟེན་ཕ་རོལ་དང་ཚད་མའི་སྐྱེས་བུ་ཡོད་པར་ཁོང་དུ་ཆུད་པར་འགྱུར་ལ། དེ་ལྟར་ཁོང་དུ་ཆུད་པའི་སྐྱེས་བུ་ནི་ཚེ་འདི་ཡི་བདེ་བ་འབའ་ཞིག་དོན་དུ་གཉེར་བ་མ་ཡིན་གྱི། འཇིག་རྟེན་ཕ་རོལ་ཏུ་ཕན་པའི་དོན་འགའ་ཞིག་ཀྱང་འཚོལ་བར་བྱེད་དེ། བདག་ལ་ཚེ་འདི་འབའ་ཞིག་ཏུ་གནས་པའི་དབང་མེད་ཀྱི་གདོན་མི་ཟ་བར་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་སོ་སྙམ་དུ་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་རོ། །དཔེར་ན་ཡུལ་ཁམས་གཞན་དུ་ཚོང་ལ་སོང་བའི་སྐྱེས་བུ་ནི་ཡུལ་ཁམས་གཞན་བདེ་ཞིང་སྐྱིད་པར་མཐོང་ཡང་རང་གི་བུ་དང་ཆུང་མ་ལ་སོགས་པ་ཡིད་ལ་བྱས་ནས། ཁོ་བོ་ཡུལ་འདིར་གཏན་དུ་གནས་པའི་གོ་སྐབས་མེད་ཀྱི། མྱུར་དུ་རང་གི་ཡུལ་དུ་འགྲོ་དགོས་སོ་སྙམ་སྟེ། ཡུལ་དེ་ནས་རང་གི་ཡུལ་དུ་ཉེ་བར་མཁོ་བའི་ཟོང་དག་སྒྲུབ་པ་ལ་བརྩོན་པ་བཞིན་དུ་འཇིག་རྟེན་ཕ་རོལ་དུ་ཕན་པའི་དངོས་པོ་འཚོལ་བར་འདོད་པ་དེ་དག་གིས་ཀྱང་འཇིག་རྟེན་ཕ་རོལ་དུ་ཕན་པའི་དངོས་པོ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་གྱི་དངོས་པོ་འཚོལ་དགོས་པ་ཡིན་ལ། དེ་ཡང་མངོན་པར་འདོད་པའི་དོན་ལ་བསླུ་བ་མེད་ཅིང་ཡིད་ཆེས་པའི་གནས་སུ་གྱུར་པའི་སྐྱེས་བུའམ། ཡིད་ཆེས་པའི་ལུང་འགའ་ཞིག་ལས་འཚོལ་བར་བྱེད་དགོས་ཏེ། རྒྱས་པ་ལས། མི་ཤེས་སྟོན་པར་བྱེད་པ་ལ། །འཁྲུལ་བར་དོགས་པ་ཅན་རྣམས་ཀྱིས། །དེ་བཤད་ནན་ཏན་བྱ་བའི་ཕྱིར། །ཤེས་ལྡན་འགའ་ཞིག་འཚོལ་བར་བྱེད། །ཅེས་པ་ལྟར་རོ། །

ཁ་ཅིག་༼༣༧ན༽ནི། འཇིག་རྟེན་ཕ་རོལ་ཡོད་པར་ཁས་ལེན་ཀྱང་། དེར་མཁོ་བའི་ཐབས་འཚོལ་བ་ལ་མཁས་པ་མ་ཡིན་ཏེ། ཚད་མ་དང་ཚད་མིན་གྱི་རྣམ་དབྱེ་ལ་མི་མཁས་པར་རིགས་པ་ལྟར་སྣང་འགའ་ཞིག་ལ་བརྟེན་ནས་མཐོ་རིས་ཀྱི་ཐབས་སུ་སྲོག་གི་མཆོད་སྦྱིན་དང་། ཐར་པའི་ཐབས་སུ་འཇུག་ངོགས་ཀྱི་ཁྲུས་ལ་སོགས་པ་སྟོན་པའི་ལུང་དང་། ལུང་དེ་ལྟ་བུ་བྱེད་པ་པོའི་སྐྱེས་བུ་སྟོན་པར་ཁས་ལེན་པའི་ཕྱིར་རོ། །གང་དག་ཚད་མའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་དག་ནི་ལུང་ལ་དད་པ་ཙམ་གྱིས་འཇུག་པ་ནི་མ་ཡིན་ནོ། །འོན་ཀྱང་ལུང་དེས་མངོན་གྱུར་དང་ལྐོག་གྱུར་བསྟན་པ་ལ་གོ་རིམ་བཞིན་དུ་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་ལ་བརྟེན་པའི་རིགས་པས་གནོད་པ་ཡོད་མེད་དཔྱད་ཅིང་། གནས་སྐབས་ཐམས་ཅད་དུ་སྔ་ཕྱིའམ་དངོས་ཤུགས་འགལ་བ་ལ་སོགས་པ་ལུང་བྱེད་པ་པོའི་རང་ཚིག་གིས་གནོད་པ་ཡོད་མེད་དཔྱོད་པར་བྱེད་དེ། རྒྱས་པ་ལས། མཐོང་དང་མ་མཐོང་བ་དག་ལ། །རིགས་པས་གྲུབ་དང་རང་ཚིག་གིས། །གནོད་མེད་བསྟན་བཅོས་གང་ཡིན་ཏེ། །གཟུང་བར་བྱ་ཕྱིར་དཔྱོད་འཇུག་འགྱུར། །ཞེས་སོ། །དེ་ལྟར་དཔྱད་པ་གསུམ་གྱིས་དག་པའི་ལུང་དང་ལུང་བྱེད་པ་པོ་མཚུངས་པའི་རྟགས་ལས་མཐོ་རིས་དང་ཐར་པ་ལ་སོགས་པའི་ཤིན་ཏུ་ལྐོག་གྱུར་གྱི་བླང་དོར་བྱེད་པའི་ཐབས་སྟོན་པའི་ལུང་དང་། ལུང་བྱེད་པ་པོའི་སྐྱེས་བུ་ཡང་ཡིད་ཆེས་པའི་གནས་སུ་ཁས་ལེན་པར་རིགས་པ་ཡིན་ཏེ། རྒྱས་པ་ལས། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་སོ། །དེ་༼༣༧བ༽ལྟ་བུའི་ལུང་དང་ལུང་བྱེད་པ་པོས་ཀྱང་བསོད་ནམས་དང་མི་གཡོ་བའི་ལས་མངོན་པར་འདུ་བྱས་པ་ལས་འདོད་ཁམས་ཀྱི་ལྷ་མི་དང་། ཁམས་གོང་མའི་བསམ་གཏན་གྱི་བདེ་བ་ཐོབ་ལ། བསོད་ནམས་མ་ཡིན་པའི་ལས་མངོན་པར་འདུ་བྱས་པ་ལས་ངན་འགྲོའི་སྡུག་བསྔལ་འབྱུང་ངོ་། །ཞེས་སོགས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པས། དེ་དག་ཡིད་ཆེས་ཀྱི་གནས་སུ་ཁས་ལེན་པ་དག་གིས་ཀྱང་དེ་དག་གིས་རྗེས་སུ་བསྟན་པ་ལྟར་ཉམས་སུ་ལེན་པའི་ཕྱིར་རོ། །

དེ་ལྟར་ཚེ་འདིར་དགེ་སྡིག་ལ་བླང་དོར་ཕྱིན་ཅི་མ་ལོག་པར་བྱེད་པ་ནི་ཚད་མའི་མཚན་ཉིད་སྟོན་པའི་བསྟན་བཅོས་ལས་ཤེས་པ་ཚེ་འདིར་ཐོབ་པའི་ཕན་ཡོན་ཡིན་ནོ། །ཚེ་ཕྱི་མར་ཐོབ་པའི་ཕན་ཡོན་ནི། དེ་ལྟར་བླང་དོར་བྱས་པ་ལས་མ་འོངས་པའི་སྐྱེ་བར་ངན་སོང་གི་འགྲོ་བ་རྒྱང་རིང་དུ་སྤངས་ནས་མངོན་པར་མཐོ་བ་ལྷ་མིའི་བདེ་བ་ཐོབ་པའོ། །མཐར་ཐུག་གི་དགོས་པ་ནི། ཇི་སྐད་དུ་བསྟན་བཅོས་འབྲིང་ལས། བསམ་པ་ལས་བྱུང་བ་ཉིད་ཀྱི་ཤེས་རབ་གོམས་པར་བྱས་པས་རྣམ་པར་འཁྲུལ་བས་འཁྲུལ་བ་དབེན་ཞིང་དྲི་མ་མེད་པ་དོན་དམ་པའི་ཚད་མ་མངོན་དུ་བྱེད་དོ། །ཞེས་གསུངས་པ་ལྟར། ཤེས་རབ་ཀྱིས་ཕྱི་ནང་གི་དངོས་པོ་རྣམས་ལ་མི་རྟག་པ་དང་བདག་མེད་པ་ལ་སོགས་པ་དངོས་པོའི་གནས་ལུགས་ལ་ཡོངས་སུ་དཔྱད་ནས་རིམ་གྱིས་གོམས་པར་བྱས་པ་ལས་གོམས་པ་རབ་ཀྱི་མཐར་ཕྱིན་པ་ན། གོམས་བྱ་བདག་མེད་པའི་དོན་ལ་གསལ་སྣང་རབ་ཀྱི་མཐར་ཕྱིན་པ་ཐོབ་པའི་དོན་དམ་པའི་ཚད་མ་མངོན་དུ་བྱེད་པར་འགྱུར་ལ། ༼༣༨ན༽དེ་ལྟར་བདག་མེད་པ་མངོན་སུམ་དུ་རྟོགས་པ་དོན་དམ་པའི་ཚད་མ་མངོན་དུ་གྱུར་པ་ན་བདག་དང་བདག་གིར་འཛིན་པའི་མཚན་ཉིད་ཅན་གྱི་འཇིག་ཚོགས་ལ་བལྟ་བ་ལྡོག་ཅིང་། དེ་ལོག་པས་ཀྱང་དེའི་རྗེས་སུ་འབྲང་བའི་འཁོར་བར་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པ་མཐའ་དག་ལོག་པར་འགྱུར་བས། མཐར་འཁོར་བའི་སྡུག་བསྔལ་ཐམས་ཅད་གཏན་དུ་ཞི་བའི་ཐར་པ་བླ་ན་མེད་པའི་བདེ་བ་དམ་པ་ཐོབ་པ་ནི་འདིར་མཐར་ཐུག་གི་དགོས་པ་དམ་པ་ཡིན་ནོ། །དེ་ལྟར་ན་རྟག་པ་དང་ཆད་པར་བལྟ་བའི་ལྟ་བ་ངན་པ་དང་ཕྱིན་ཅི་ལོག་གི་ལམ་རིགས་པས་སུན་ཕྱུངས་ནས་ཡང་དག་པའི་ལྟ་བ་དང་ལམ་ཕྱིན་ཅི་མ་ལོག་ “པ་ལ་འཇུག་པར་འགྱུར་བའི་དགོས་པ་ཁྱད་པར་ཅན་དང་ལྡན་པའི་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་ནི་བསྟན་པ་དང་སེམས་ཅན་ལ་ཕན་པར་འདོད་པའི་ལྷག་བསམ་དང་ལྡན་པ་དག་གིས་བརྩམ་པར་བྱ་ཞིང་། བདག་གཞན་ལེགས་སུ་འདོད་པ་རྣམས་ཀྱིས་ཐོས་པ་དང་བསམ་པ་བསྒོམ་པའི་སྒོ་ནས་འཇུག་པར་བྱའོ། ། ༈ རིགས་གཞུང་རྒྱ་མཚོའི་ཚད་གྲུབ་ལེའུ། ༧ ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ།