རྒྱགས་བརྔན་ཆེན་མོ་

ཡོང་ཁུངས་Wikipedia

༄༅། །སློབ་དཔོན་པདྨས་མཛད་པའི་རྒྱགས་བརྔན་ཆེན་མོ་བཞུགས་སོ། ། རང་ཉིད་སློབ་དཔོན་ཆེན་པོའི་བསྐྱེད་རིམས་གསལ་བ་དང་ལྡན་པས་བརྔན་གཏོར་བྲན་ལ་བྱིན་གྱིས་བརླབས་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་གྱུར་ལས༔ རིན་ཆེན་རི་རབ་བང་རིམ་བཞི་དང་ལྡན༔ ཤར་ཕྱོགས་ཤེལ་དང་ལྷོ་ཕྱོགས་བཻ་ཌཱུརྱ༔ ནུབ་ཕྱོགས་ར་ག་བྱང་ཕྱོགས་གསེར་ལས་གྲུབ༔ དེ་ཡི་དབུས་སུ་ཁྃ་ཡིག་ཡོངས་སུ་གྱུར༔ འདོད་ཡོན་ཞལ་ཟས་དྭངས་ཤིང་ཐོགས་པ་མེད༔ མཁོ་དགུའི་ལོངས་སྤྱོད་འདོད་དགུའི་དཔལ་འབྱོར་ལྡན༔ དཔག་བསམ་ཤིང་ལྟར་འདོད་ཡོན་ཆར་འབེབས་གྱུར༔ རི་རབ་དེ་ཡི་ཕྱོགས་བཞི་མཚམས་རྣམས་སུ༔ ཏི་ཡིག་རེ་རེ་ཡོངས་སུ་གྱུར་པ་ལས༔ གཟུགས་འགྲོས་རིན་ཆེན་ལྔ་ལས་གྲུབ་པ་ཡི༔ ཁུ་བྱུག་ཤང་ཤང་རྨ་བྱ་ནེ་ཙོ་དང་༔ བྱ་རྒོད་ཁྲུང་ཁྲུང་ངང་པ་དཀར་སེར་དང་༔ བྱ་ནག་གསེར་མིག་ལྕགས་ཀྱི་བྱ་ཁྲ་དང་༔ མཁའ་ལ་འཕུར་བའི་འདབ་ཆགས་བྱ་རིགས་རྣམས༔ འཕུར་འཇོལ་ལྡེམ་གསུམ་བརྩེ་བའི་ཉམས་དང་ལྡན༔ སེང་གེ་ངར་མ་སྟག་གཟིག་དམ་དྲེད་དང་༔ ཁྱི་ནག་ལྕགས་སྤྱང་ཕག་རྒོད་སྲེ་མོང་དང་༔ སྡེར་ཆགས་རྣམས་ཀྱང་ངར་སྐད་ཁྲོ་ལོ་ལོ༔ གླང་ཆེན་སྟོབས་ལྡན་གཡག་ལུག་ར་གསུམ་དང་༔ མཛོ་འབྲི་བ་གླང་ངར་སྒྲ་ཆེམས་སེ་ཆེམས༔ རྟ་མཆོག་ཅང་ཤེས་དྲེལ་དང་བོང་བུ་ཡི༔ རྨིག་ཟླུམ་རྣམས་ཀྱང་འཚེར་སྐད་ལྷང་སེ་ལྷང་༔ གསེར་རྟ་དུང་ལུག་ཤེལ་ར་གཡུ་འབྲི་རྣམས༔ མཛེས་སྡུག་ཡིད་འོང་རྫུ་འཕྲུལ་བསམ་མི་ཁྱབ༔ ཤྭ་བ་རྣ་བ་རྒོ་བ་འབྲོང་རྐྱང་གཙོད༔ གསེར་བྱ་སྤྲེའུ་བྱི་བ་སྔོན་མོ་དང་༔ རི་དྭགས་རྣམས་ཀྱང་རྩེ་ཀྱུ་སྤྲིངས་སེ་སྤྲིངས༔ ཆུ་སྲིན་རྒྱ་མཚོའི་གསེར་ཉ་དུང་སྦལ་དང་༔ ཆུ་སྦུར་ཆུ་གནས་རྣམས་ཀྱང་རྐྱལ་དང་འཕྱོ༔ གཟུགས་འགྲོས་སྣ་ཚོགས་དེ་དག་ཐམས་ཅད་ཀྱང་༔ དབང་པོ་དྲུག་གི་སྒོ་ལྔ་ཚང་བ་ལ༔ རྭ་ལས་ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ མིག་གཉིས་ཉི་ཟླ་ཡིད་དུ་འོང་བའི་གཟུགས༔ སྤུ་ལ་འདོད་ཡོན་སྣ་ཚོགས་ཆར་འབེབས་ཤིང་༔ རྨིག་ཟླུམ་རྫུ་འཕྲུལ་རྐང་པ་བཞི་དང་ལྡན༔ རྔ་མ་སྤྲིན་ཕུང་བདུད་རྩིའི་ཆར་ཆེན་འབེབས༔ བརྔན་པའི་ཡོ་བྱད་སོ་སོའི་བཤོས་བུ་དང་༔ སྦ་སྨྱུག་རྩི་ཤིང་རྣམས་ཀྱང་ལྡེམས་སེ་ལྡེམས༔ དར་མཚོན་སྣ་ལྔ་འཇའ་འོད་འཁྱུགས་སེ་ཁྱུག༔ སྨན་དང་བདུད་རྩི་ངད་པ་ཀྱི་ལི་ལི༔ འདོད་ཡོན་བསངས་ཀྱི་དུད་པ་སྤྲིན་ལྟར་གཏིབས༔ དེ་འདྲའི་དམ་རྫས་མཆོད་སྤྲིན་མང་པོ་ཡི༔ ལྷ་སྲུང་གཉན་པོ་རྣམས་ཀྱང་སོ་སོར་བརྔན༔ དགྱེས་པར་བསྐྱེད་པའི་དམ་རྫས་རྒྱ་མཚོར་གྱུར༔ ཅེས་པ་བརྔན་གྱི་བསྐྱེད་ཆོག་འདི་རིག་འཛིན་རྒོད་ལྡེམ་གྱིས་མཛད་པར་གྲགས། དེ་ནས་རྒྱགས་བརྔན་གྱི་ཆོ་ག་དངོས་ལ་འཇུག་པ་ནི། །སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབས་ལ། མདུན་གྱི་ནམ་མཁར་གུ་རུ་རིན་པོ་ཆེ་ལ་རྩ་གསུམ་གྱི་ལྷ་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྲིན་ཕུང་ལྟར་གཏིབས་པའི་འཁོར་དུ། བརྔན་མགྲོན་ཇི་སྙེད་ཀུན་ཀྱང་བཀའ་ཉན་གསུང་སྡོད་ཞི་བའི་སེམས་ཀྱིས་རང་རང་གི་མཐུན་རྫས་དཔག་ཏུ་མེད་པར་ཇི་ལྟར་འདོད་པས་དགྱེས་པ་བསྐྱེད་པར་བསམ་ལ། སྙན་དབྱངས་རོལ་མོ་དང་བཅས་པས་འདི་སྐད་དོ། །ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ ཞི་རྒྱས་དབང་དང་མངོན་སྤྱོད་ལྷ༔ ཕྱི་ནང་བསྲུང་མའི་ཚོགས་རྣམས་དང་༔ གསང་སྔགས་རིགས་སྔགས་ལྷ་རྣམས་དང་༔ འདས་དང་མ་འོང་ད་ལྟར་གྱི༔ ཕྱི་ནང་སྲུང་མ་དམ་ཚིག་ཅན༔ མ་མོ་མཁའ་འགྲོ་ཤུགས་འགྲོ་དང་༔ འཇིག་རྟེན་གནས་ཀྱི་མཆོག་གྱུར་པའི༔ སྒྲུབ་གནས་བྱིན་ཆེན་ཐམས་ཅད་དང་༔ གཞན་ཡང་ས་འོག་ས་སྟེང་གི༔ གནས་བདག་ཆེན་པོ་ཐམས་ཅད་དང་༔ འཁོར་དུ་གཏོགས་པའི་སྡེ་བརྒྱད་དང་༔ སྟོང་གསུམ་ཁྱབ་པའི་མཐུ་རྩལ་ཅན༔ ཆེ་དགུ་གཉན་དགུ་ཐམས་ཅད་དང་༔ གཙུག་ལག་ཁང་དང་དབེན་གནས་ཀྱི༔ སྲུང་མ་གཉན་པོ་ཐམས་ཅད་དང་༔ གཞན་ཡང་ལྷ་ཀླུ་གནོད་སྦྱིན་དང་༔ དྲི་ཟ་གྲུལ་བུམ་མཁའ་འགྲོ་སོགས༔ བརྔན་པར་འོས་པའི་མགྲོན་རྣམས་དང་༔ ས་བདག་ཀླུ་གཉན་ཐམས་ཅད་ཀུན༔ སངས་རྒྱས་བསྟན་པ་སྲུང་བ་དང་༔ བསྒྲུབ་པའི་སྡོང་གྲོགས་བྱེད་པ་དང་༔ དགོན་གནས་བར་ཆད་སེལ་བ་དང་༔ དགྲ་དང་བགེགས་རྣམས་གཞོམ་པ་དང་༔ ནད་གདོན་གནོད་པ་ལ་སོགས་པ༔ ཆགས་ཆེ་ཉམ་ང་བཟློག་པ་དང་༔ འདོད་པ་ཐམས་ཅད་སྒྲུབ་པའི་ཕྱིར༔ མགྲོན་རྣམས་སྤྱན་འདྲེན་གནས་འདིར་བྱོན༔ འདིར་གཤེགས་བཤམས་པའི་མཆོད་པ་བཞེས༔ བསྟན་པ་དར་ཞིང་རྒྱས་པར་མཛོད༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཡིད་ལ་རེ་བ་བསྐང་བ་དང་༔ ཀུན་ཀྱང་བཤད་པའི་ཆོས་ལ་ཉོན༔ བྱིན་རླབས་དངོས་གྲུབ་དཀྱིལ་འཁོར་ནས༔ སྐུ་ལྔ་ཡེ་ཤེས་ལྔ་ལྡན་མཆོག༔ སྒྲུབ་རྒྱུད་བླ་མའི་ཚོགས་རྣམས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ལ་སོགས་པ༔ ཆོས་སྐུ་བླ་མ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ མཚན་དཔེ་འབར་བའི་དཀྱིལ་འཁོར་ནས༔ ཞི་ཁྲོ་རབ་འབྱམས་ལ་སོགས་པའི༔ ལོངས་སྐུའི་བླ་མ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ སྣ་ཚོགས་གདུལ་བྱའི་ཞིང་ཁམས་ན༔ རིག་འཛིན་པདྨ་ཐོད་ཕྲེང་སོགས༔ སྤྲུལ་སྐུའི་བླ་མ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ འོག་མིན་ཆོས་ཀྱི་ཕོ་བྲང་ན༔ དྲུག་པ་རྡོ་རྗེ་འཆང་ཆེན་དང་༔ རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཁྱད་པར་འགྲོ་བའི་གཉེན་གཅིག་པུ༔ ཨོ་རྒྱན་པདྨ་རྒྱལ་པོ་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཞི་ཁྲོ་དཔལ་ཆེན་འཁོར་བཅས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ རིགས་གསུམ་མགོན་པོ་འཁོར་བཅས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ གདུང་བ་སེལ་བ་ལ་སོགས་པའི༔ འཕགས་པ་རང་རྒྱལ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ འོད་སྲུང་ཆེན་པོ་ལ་སོགས་པའི༔ ཉན་ཐོས་ཆེན་པོ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ བྷ་ར་དྷྭ་ཛ་ལ་སོགས་པའི༔ གནས་བརྟན་ཆེན་པོ་བཅུ་དྲུག་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ནམ་མཁའི་སྙིང་པོ་ལ་སོགས་པའི༔ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ༔ ཚོགས་གཉིས་རྒྱ་མཚོ་རྫོགས་པར་མཛོད༔ ཨིནྡྲ་བྷུ་ཏི་ལ་སོགས་པའི༔ གྲུབ་ཆེན་བརྒྱད་པོ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ས་ར་ཧ་པ་ལ་སོགས་པའི༔ གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི༔ རྒྱན་དྲུག་མཆོག་བརྒྱད་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ དོན་ཡོད་ཞགས་པ་ལ་སོགས་པའི༔ ཀྲི་ཡ་བྱ་རྒྱུད་ལྷ་རྣམས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ པདྨ་བརྩེགས་པ་ལ་སོགས་པའི༔ ཨུ་པ་སྤྱོད་བརྒྱུད་ལྷ་རྣམས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ངན་སོང་སྦྱོང་བ་ལ་སོགས་པའི༔ ཡོ་ག་རྣལ་འབྱོར་ལྷ་རྣམས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ གསང་འདུས་རྡོ་རྗེ་གདན་བཞི་དང་༔ མ་ཡ་འཇིགས་བྱེད་སྒྱུ་འཕྲུལ་དྲ༔ རྡོ་རྗེ་ཕུར་པ་ལ་སོགས་པའི༔ མ་ཧཱ་ཨ་ནུ་བླ་མེད་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ མི་ནུབ་བྱང་ཆུབ་སེམས་ཀྱི་ལུང་༔ ཀུན་བཟང་རྡོ་རྗེ་སེམས་དཔའི་ཚོགས༔ སྙིང་པོ་དོན་གྱི་ལྷ་རྣམས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ འཇམ་དཔལ་སྐུ་དང་པདྨ་གསུང་༔ ཕུར་པ་ཕྲིན་ལས་ལ་སོགས་པའི༔ སྒྲུབ་པ་བཀའ་བརྒྱད་ལྷ་རྣམས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ནུབ་ཕྱོགས་ཨུ་རྒྱན་ལ་སོགས་པའི༔ དུར་ཁྲོད་ཆེན་པོ་ཐམས་ཅད་ཀྱི༔ མ་སྲིང་མཁའ་འགྲོ་རྒྱ་མཚོ་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ གནས་དང་ཉེ་བའི་གནས་དང་ཡུལ༔ ཉི་ཤུ་རྩ་བཞིའི་མཁའ་འགྲོ་དང་༔ སྲུང་མ་ཞིང་སྐྱོང་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ འདོད་དགུའི་རེ་བ་སྐོང་དུ་གསོལ༔ ཧཱུྃ༔ མཆོད་ཡོན་མེ་ཏོག་བདུག་སྤོས་དྲི༔ ཞལ་ཟས་རོལ་མོ་གཏོར་མ་དང་༔ སྐུ་གླུད་བསང་ཕུད་སྣ་ཚོགས་ཀྱིས༔ འཇིག་རྟེན་འདས་དང་མ་འདས་པའི༔ སྲུང་མ་གཉན་པོ་ཐམས་ཅད་དང་༔ ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས༔ ཆེ་དགུ་གཉན་དགུ་ཐམས་ཅད་བརྔན༔ ན་བཟའ་ལྷབ་ལྷུབ་སྣ་ཚོགས་དང་༔ རིན་ཆེན་ལྔ་ཡི་ཕྲེང་བ་ཡིས༔ ལྷ་ཡི་དབང་པོ་ཚངས་པ་དང་༔ བརྒྱ་བྱིན་གསེར་གྱི་ཕྱེ་མས་བརྔན༔ རྒྱལ་ཆེན་སྡེ་བཞི་སྟག་གིས་བརྔན༔ ཤེལ་གོང་ནག་པོ་སྤྱི་དཀར་དང་༔ ཤ་ཁྲག་དམར་གྱི་གཏོར་མ་ཡིས༔ མ་ཧཱ་ཀ་ལ་ལྕམ་དྲལ་དང་༔ ལེགས་ལྡན་ནག་པོ་འཁོར་བཅས་བརྔན༔ རྒྱན་ཆའི་མཆོད་པ་སྣ་ཚོགས་དང་༔ བདུད་རྩི་ཤ་ཁྲག་གསེར་སྐྱེམས་ཀྱིས༔ དཔལ་ལྡན་ལྷ་མོ་འཁོར་བཅས་བརྔན༔ ཕྱི་ནང་གསང་བའི་མཆོད་གཏོར་དང་༔ བྱ་ནག་ཁྱི་སྤྱང་དོམ་དྲེད་དང་༔ བསང་ཕུད་སྤྱན་གཟིགས་སྣ་ཚོགས་ཀྱིས༔ སྔགས་བདག་བཤན་པ་གཟའ་མཆོག་དང་༔ དམར་ནག་དམ་ཅན་ལ་སོགས་པ༔ དམ་ཅན་རྒྱ་མཚོ་འཁོར་བཅས་བརྔན༔ ལྷ་རྣམས་འདོད་ཡོན་སྣ་ལྔས་བརྔན༔ ལྷ་མོ་མེ་ཏོག་ཕྲེང་བས་བརྔན༔ ཀླུ་རྣམས་དཀར་གསུམ་གཏོར་མས་བརྔན༔ གཉན་རྣམས་མངར་གསུམ་དར་ཟབ་བརྔན༔ ས་བདག་གསེར་དངུལ་རིན་ཆེན་བརྔན༔ ལྷ་མོ་བསྟན་མ་བུམ་པས་བརྔན༔ དྲི་ཟ་དྲི་དང་གསུར་གྱིས་བརྔན༔ གཤིན་རྗེ་ཤ་ཆང་གཏོར་མས་བརྔན༔ ལྟོ་འཕྱེ་གྲུལ་བུམ་མི་འམ་ཅི༔ མཁའ་ལྡིང་མཆོད་དང་གཏོར་མས་བརྔན༔ གནོད་སྦྱིན་རླུང་ལྷ་དྲང་སྲོང་རྣམས༔ གསེར་གཡུ་སྦ་དང་སྨྱུག་མས་བརྔན༔ དགེ་བསྙེན་ཤ་དང་ཆང་གིས་བརྔན༔ ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་རྣམས༔ ཡིད་དང་མཐུན་པའི་གཏོར་མས་བརྔན༔ བཙན་རྣམས་བྱ་དང་དར་དཀར་བརྔན༔ ཀླུ་བདུད་སྦྲུལ་དང་སྦལ་པས་བརྔན༔ ལན་ཆགས་མགྲོན་རྣམས་གཏོར་མས་བརྔན༔ དམ་སྲི་གནོད་བྱེད་འབྱུང་པོ་རྣམས༔ སྐུ་གླུད་དར་ཟབ་གཏོར་མས་བརྔན༔ རྒྱ་མཚོ་ནང་གི་ཀླུ་ཆེན་བརྒྱད༔ ཆུ་རྟ་རྒྱན་དང་བཅས་པས་བརྔན༔ བར་སྣང་གནས་པའི་གཟའ་ཆེན་བརྒྱད༔ ནས་ནག་ར་ནག་སྙིང་གིས་བརྔན༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་༔ བློན་པོ་སུམ་ཅུ་རྩ་བདུན་རྣམས༔ རིན་ཆེན་གསེར་དངུལ་ཕྱེ་མས་བརྔན༔ འཕྲོག་མ་མ་བུ་ལྔ་བརྒྱའི་ཚོགས༔ ཆང་བུ་དག་དང་གཏོར་མས་བརྔན༔ རིགས་ཀྱི་སྲུང་མ་ཐམས་ཅད་ལ༔ སོ་སོར་དགྱེས་པའི་གཏོར་མས་བརྔན༔ སྒོ་བཞིའི་སྲུང་མ་འཁོར་བཅས་རྣམས༔ རིན་ཆེན་དར་ཟབ་དོང་ཙེས་བརྔན༔ ལྷ་སྲུང་གཉེན་པོ་ཁྱེད་རྣམས་ཀྱིས༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ བསམ་པ་སྒྲུབ་ལ་རེ་བ་སྐོང་༔ འཁོར་སྲུང་རྐྱེན་ཟློག་བར་ཆད་སོལ༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བྱང་ཆུབ་ཐུགས་སུ་ཆུད་པའི་གནས༔ རྡོ་རྗེ་གདན་གྱི་ས་བདག་བརྔན༔ རྒྱ་གར་ལྷོ་ནུབ་རི་བོ་ཆེ༔ མ་མོ་མཁའ་འགྲོ་འདུ་བའི་གནས༔ རི་བོ་ཏ་ལི་ས་བདག་བརྔན༔ རྡོ་རྗེ་གདན་གྱི་བྱང་ཕྱོགས་ན༔ བྱ་རྒོད་ཕུང་པོའི་རི་དང་ནི༔ སྤོས་ངད་ལྡན་པའི་རི་བོ་ཡི༔ ས་བདག་གཉན་པོ་ཐམས་ཅད་བརྔན༔ རྩ་རི་རྩ་ཀོང་ལ་སོགས་པའི༔ རྒྱ་གར་ཤར་ཕྱོགས་ཡུལ་རྣམས་ཀྱི༔ ས་བདག་གཉན་པོ་ཐམས་ཅད་བརྔན༔ བསིལ་བའི་ཚལ་གྱི་དུར་ཁྲོད་དང་༔ རྔམ་པ་སྒྲ་སྒྲོགས་ཚང་ཚིང་འཁྲིགས༔ ཧ་ཧ་རྒོད་པའི་ལ་སོགས་པའི༔ དུར་ཁྲོད་བརྒྱད་ཀྱི་ས་བདག་བརྔན༔ རྒྱལ་པོའི་ཁབ་དང་ཡངས་པ་ཅན༔ གཉན་ཡོད་གནས་བཅས་ལ་སོགས་པའི༔ གྲོང་ཁྱེར་ཡུལ་འཁོར་ཐམས་ཅད་ཀྱི༔ ས་བདག་གཉན་པོ་ཐམས་ཅད་བརྔན༔ གཞན་ཡང་ཁ་ཆེ་ཨོ་རྒྱན་ཡུལ༔ ལི་ཡུལ་བལ་ཡུལ་ལ་སོགས་པའི༔ ས་བདག་གཉན་པོ་ཐམས་ཅད་བརྔན༔ འཇིག་རྟེན་གསུམ་སྣང་མནྡྷ་ར༔ འབིགས་བྱེད་ལ་སོགས་འཛམ་གླིང་འདིའི༔ ས་བདག་གཉན་པོ་ཐམས་ཅད་བརྔན༔ མ་དྲོས་ལ་སོགས་མཚོ་རྣམས་དང་༔ གང་གཱ་སིན་དྷུ་ལ་སོགས་པའི༔ ཆུ་ཆེན་རྣམས་ཀྱི་ས་བདག་བརྔན༔ ཏི་སེ་གངས་རི་ལ་སོགས་པའི༔ མགུར་ལྷ་གཉན་པོ་ཐམས་ཅད་བརྔན༔ མ་ཕམ་ཀླུ་གཉན་ལ་སོགས་པའི༔ ས་བདག་གཉན་པོ་ཐམས་ཅད་བརྔན༔ རི་བོ་གནྡྷོ་ལ་སོགས་པའི༔ ལི་ཡི་ས་བདག་ཐམས་ཅད་བརྔན༔ ལྕང་ར་སྨུག་པོ་ལ་སོགས་པའི༔ སོག་ཡུལ་གཞི་བདག་གཉན་རྣམས་བརྔན༔ གཞན་ཡང་གྲུ་གུ་ཞང་ཞུང་དང་༔ གར་ལོག་ལ་སོགས་མཐའ་འཁོབ་ཡུལ༔ གཞི་བདག་གཉན་པོ་ཐམས་ཅད་བརྔན༔ རྒྱ་གར་རྒྱ་ནག་ཧོར་དང་འཇང་༔ བལ་ཡུལ་བོད་ཡུལ་ལ་སོགས་པའི༔ གཞི་བདག་གཉན་པོ་ཐམས་ཅད་བརྔན༔ ཁྱད་པར་མངའ་རིས་དབུས་གཙང་དང་༔ མདོ་ཁམས་གཞི་བདག་གཉན་པོ་ཐམས་ཅད་བརྔན༔ ཁྱད་པར་མངའ་རིས་དབུས་གཙང་དང་༔ མདོ་ཁམས་གཞི་བདག་གཉན་པོ་བརྔན༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ འཁོར་བསྲུང་རྐྱེན་བཟློག་བར་ཆད་སོལ༔ བསམ་པ་སྒྲུབ་ལ་རེ་བ་སྐོང་༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཧཱུྃ༔ ཡུལ་འདི་རྡོ་རྗེ་བྲག་དམར་གྱིས༔ སྲིང་གཅིག་གངས་དཀར་ཤ་མེད་མ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་རྨ་ཆེན་སྤོམ་ར་ཡི༔ སྲིང་གཅིག་ཁ་རག་ཁྱུང་བཙུན་མ༔ ཆིབས་སུ་གྱི་ལིང་ཁ་དཀར་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་དབུ་རུའི་ཉིན་ཚལ་གྱི༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ ཆིབས་སུ་ཆུ་རྟ་སྔོན་པོ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་བནྡྷ་དེ་ཝ་ཡི༔ སྲིང་གཅིག་རྡོ་རྗེ་ཀུན་གྲགས་མ༔ ཆིབས་སུ་ཆུ་གླང་སྔོན་པོ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་ལྷོ་ཡུལ་དེ་ཉིད་ཀྱི༔ སྲིང་གཅིག་སྐྱི་མཐིང་གཡའ་མ་སྐྱོང་༔ ཆིབས་སུ་གསེར་ཤ་ཡུ་མོ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་དཔེ་མེད་ལྟེ་བ་ཡི༔ སྲིང་གཅིག་ཁུག་ཆོས་གཡའ་མོ་བསིལ༔ ཆིབས་སུ་རུས་སྦལ་མགོ་དགུ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་བལ་ཡུལ་གསེར་ཕུག་ན༔ ཨེ་ཀ་ཛ་ཏི་རལ་གཅིག་མ༔ ཆིབས་སུ་གཡུ་འབྲུག་སྔོན་པོ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་ན་ལེན་རྡ་ར་ན༔ བཙན་ལ་རོལ་པའི་སྨན་གཅིག་མ༔ ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་ཀོང་ཡུལ་ཀོང་ཕུག་ན༔ སྲིང་གཅིག་གངས་ཀྱི་གཡུ་སྒྲོན་མ༔ ཆིབས་སུ་སྟག་མོ་རི་བཀྲ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་མང་ཡུལ་མང་ཏིང་ན༔ ཆེ་ཞེ་གཙུག་གི་འོད་འཆང་མ༔ ཆིབས་སུ་འབྲོང་བུ་དར་མ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་དབུ་རུ་སྙིང་ཚར་གྱི༔ བྱང་གི་མ་ཏིང་ཏིང་མོ་བཙུན༔ ཆིབས་སུ་འབྲོང་གྱིང་གྭ་པ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་བུག་རུ་རྒན་ཚལ་གྱི༔ རྡལ་ལྷ་བཙན་མོ་གདུག་པ་འདུལ༔ ཆིབས་སུ་དོམ་ནག་སྙིང་དཀར་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ བསྟན་མ་ཆེན་མོ་ཁྱེད་རྣམས་ཀྱིས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ བསམ་པ་སྒྲུབ་ལ་རེ་བ་བསྐོང་༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཧཱུྃ༔ བོད་ཡུལ་ཀུན་གྱི་གཞི་བདག་ནི༔ ཆེ་དགུ་གཉན་དགུ་ཐམས་ཅད་བརྔན༔ རྡོ་རྗེ་ལེགས་པ་ལ་སོགས་པའི༔ གཙང་གི་གཡས་རུ་ཉིན་སྲིབ་ཀྱི༔ གཞི་བདག་གཉན་པོ་ཐམས་ཅད་བརྔན༔ ཁ་རག་ཁྱུང་བཙུན་ལ་སོགས་པའི༔ གཙང་གི་གཡོན་རུ་ཉིན་སྲིབ་ཀྱི༔ གཞི་བདག་གཉན་པོ་ཐམས་ཅད་བརྔན༔ ཐང་ལྷ་བར་ལྷ་ལ་སོགས་པའི༔ དབུ་རུ་ཉིན་སྲིབ་གཞི་བདག་བརྔན༔ ཤམྦྷོ་གངས་བཟང་ལ་སོགས་པའི༔ གཡུ་རུ་ཉིན་སྲིབ་གཞི་བདག་བརྔན༔ ཡར་འབྲོག་གཡུ་མཚོ་ཕྱུག་མོ་བརྔན༔ བྱང་གི་གནམ་མཚོ་ཕྱུག་མོ་བརྔན༔ སྟོད་ཀྱི་ལྷ་རྒོད་མདུང་རྩེ་བརྔན༔ འོད་དེ་གུང་རྒྱལ་ལ་སོགས་པའི༔ ཉང་པོ་འོལ་ཀའི་གཞི་བདག་བརྔན༔ སྒམ་པོ་དཔལ་རི་ལ་སོགས་པའི༔ དྭགས་པོའི་གཞི་བདག་ཐམས་ཅད་བརྔན༔ ཀོང་བཙུན་དེ་མོ་ལ་སོགས་པའི༔ ཀོང་པོའི་ཡུལ་གྱི་གཞི་བདག་བརྔན༔ རྡོ་རྗེ་གྲགས་སྐྱེས་ལ་སོགས་པའི༔ མོན་ཡུལ་རྡོ་དང་བློ་རྣམས་ཀྱི༔ གཞི་བདག་གཉན་པོ་ཐམས་ཅད་བརྔན༔ སྐུ་ལྷ་མཁའ་རི་ལ་སོགས་པའི༔ ལྷོ་བྲག་ཡུལ་གྱི་གཞི་བདག་བརྔན༔ ནག་སོགས་ཆུ་བརྒྱུད་དགེ་བསྙེན་དང་༔ ཨ་ལ་རྒྱུད་ཀྱི་གཞི་བདག་བརྔན༔ རྡུ་ཡི་ཉིན་སྲིབ་གཞི་བདག་བརྔན༔ ལྷོ་ཡི་རོང་ལྷ་རྒྱལ་མཚན་དང་༔ རོང་བཙན་ཁ་བ་དཀར་པོ་དང་༔ དབང་ཆེན་ལྷ་མོ་མཆེད་བརྒྱད་བརྔན༔ དམག་དཔོན་དགྲ་འདུལ་དབང་ཕྱུག་དང་༔ སྨུག་རི་མོ་ནལ་ལ་སོགས་པའི༔ ཚ་བ་སྒང་གི་གཞི་བདག་བརྔན༔ ཀིམ་གྱི་ཐོད་རྒལ་རྨོག་ཞུ་དང་༔ གཟེ་ཡི་གཱ་གཡོག་ག་པ་དང་༔ ལྕེ་ཡི་བྲག་ལ་མདའ་ཟུག་དང་༔ ཟླ་སྙིང་དཀར་ནག་སུམ་མདོ་དང་༔ རྩེ་ཡི་དཔའ་རྒོད་མཐོན་པོ་དང་༔ རྒྱ་མཚོ་གངས་དཀར་མཆེད་བརྒྱད་དང་༔ མདའ་ཡི་གཞི་བདག་ཐམས་ཅད་བརྔན༔ ཀླུ་ནི་མི་མགོན་དཀར་པོ་སོགས༔ སྨར་ཁམས་ཡུལ་གྱི་གཞི་བདག་བརྔན༔ ལྷ་ཡི་དགེ་བསྙེན་དཀར་པོ་དང་༔ སྒྱོགས་ཆེན་གདོང་ར་ལ་སོགས་པའི༔ འབྲི་ཆུ་ཉིན་སྲིབ་ས་བདག་བརྔན༔ ལྡན་གྱི་ཝང་ཉི་སྨྲེ་དགུ་དང་༔ གེ་མཛོ་རི་དམར་དབང་ཞུ་དང་༔ མཚམས་ལྷའི་གཞི་བདག་གཉན་རྣམས་བརྔན༔ འཇའ་དང་ཤབ་ཟེ་ལ་སོགས་པའི༔ སྤོམ་འབོར་སྒང་གི་གཞི་བདག་བརྔན༔ ཤར་གྱི་རྨ་ཆེན་སྤོམ་ར་ནི༔ རྨ་རིགས་སུམ་བརྒྱ་དྲུག་ཅུའི་མཆེད༔ སྲིང་ལྕམ་བཞི་ཅུ་ཞེ་ལྔ་བཅས༔ རྨ་ལུང་ཉིན་སྲིབ་གཞི་བདག་བརྔན༔ བེའུ་ཡི་ནི་དུག་མཚོ་དང་༔ དོང་ར་ཡི་ནི་མཚོ་ནག་དང་༔ ད་བུའི་ཚྭ་མཚོ་དཀར་མོ་དང་༔ ཁྲི་ཤོག་རྒྱལ་མོའི་མཚོ་དང་ནི༔ ཙོང་ཁ་ཡི་ནི་མཚོ་སྔོན་དང་༔ མཚོ་སྨན་རྒྱལ་མོ་མཆེད་ལྔ་བརྔན༔ སྐྱེ་རི་གཉན་པོ་ལ་སོགས་པའི༔ ཙོང་ཁ་ཉིན་སྲིབ་གཞི་བདག་བརྔན༔ ཨེ་ཆེ་རི་དང་ཧ་ལ་ཤན༔ དགའ་དང་བྱང་ངོས་གཞི་བདག་བརྔན༔ རྨ་ལུང་དན་ཏིག་རི་བོའི་ལྷ༔ གཞོ་དཀར་ཏི་ཀ་ལ་སོགས་པའི༔ མདོ་ཁམས་སྒང་གི་གཞི་བདག་བརྔན༔ ཁོང་ཤན་ལ་བོ་ཆེ་ལ་སོགས༔ གཡར་མོ་ཐང་གི་གཞི་བདག་བརྔན༔ རྩི་ཡི་འདུས་རི་མཐོན་པོ་དང་༔ སྤོ་རི་ཤ་དམར་སྒང་རྒྱུད་དང་༔ སྤོ་རི་ཤེར་ལུང་ཕྱུག་མོ་བརྔན༔ གྲོལ་གྱི་གཡའ་ལུང་རལ་གསུམ་དང་༔ རྨ་གྲོལ་རས་གསུམ་གཞི་བདག་བརྔན༔ སྒོ་རིམ་གཞི་གསུམ་གཞི་བདག་བརྔན༔ སྙེ་གང་སྙེ་མར་གཞི་བདག་བརྔན༔ སྙེ་གང་ཉིན་སྲིབ་གཞི་བདག་བརྔན༔ བྲག་དམར་བྱ་རྒོད་ལ་སོགས་པའི༔ ཏེ་ཆུའི་གཞི་བདག་ཀླུ་གཉེན་བརྔན༔ ལྷ་སྲིན་སྡིག་པ་མ་བྱེ་བའི༔ འོད་དེ་རལ་གསུམ་གཞི་བདག་བརྔན༔ ཤིན་ཏུ་ཁྲོ་གཏུམ་ཆེ་བ་ཡི༔ རྒྱལ་མོ་རོང་གི་གཞི་བདག་བརྔན༔ འཇང་རི་སྨུག་པོ་ལ་སོགས་པའི༔ འཇང་ཡུལ་གཞི་བདག་ཐམས་ཅད་བརྔན༔ ཤར་ཕྱོགས་རྒྱ་ནག་འོད་དེ་ཤན༔ རི་བོ་རྩེ་ལྔ་ལ་སོགས་པའི༔ རྒྱ་ནག་ཡུལ་གྱི་གཞི་བདག་བརྔན༔ ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་༔ ཆེ་དགུ་གཉན་དགུ་ཐམས་ཅད་བརྔན༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ རེ་བ་ཐམས་ཅད་སྐོང་བ་དང་༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཧཱུྃ༔ གཞན་ཡང་སྟོང་གསུམ་འཛམ་གླིང་ན༔ ས་འོག་ས་སྟེང་ས་བླ་ཡི༔ གཞི་བདག་གཉེན་པོ་ཐམས་ཅད་བརྔན༔ ས་ལ་གནས་པའི་ས་བདག་བརྔན༔ ཆུ་ལ་གནས་པའི་ཆུ་བདག་བརྔན༔ བྲག་ལ་གནས་པའི་བྲག་བཙན་བརྔན༔ ཡུལ་ལ་གནས་པའི་ཡུལ་བདག་བརྔན༔ ལམ་ལ་གནས་པའི་གཞི་བདག་བརྔན༔ འཕྲང་ལ་གནས་པའི་གཞི་བདག་བརྔན༔ ལ་ལ་གནས་པའི་གཞི་བདག་བརྔན༔ གྲུ་ཟམ་གནས་པའི་གཞི་བདག་བརྔན༔ གཞི་བྱེས་འགོ་བའི་གཞི་བདག་བརྔན༔ གཞི་བདག་གཉེན་པོ་ཁྱེད་རྣམས་ཀྱང་༔ མཐུ་དང་རྫུ་འཕྲུལ་སོ་སོར་ཆེ༔ དཔལ་དང་འབྱོར་པ་སོ་སོར་ཆེ༔ མངའ་རིས་མངའ་ཐང་སོ་སོར་ཆེ༔ མཛད་པའི་ཕྲིན་ལས་སོ་སོར་ཆེ༔ མཆོད་པའི་འོས་མཚོ་སོ་སོར་ཆེ༔ དེ་བས་གཞི་བདག་གཉན་རྣམས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ འདོད་པའི་དོན་ལ་གསོལ་འདེབས་ཀྱི༔ སྔོན་གྱི་ཐུགས་དམ་བརྩེར་དགོངས་ཏེ༔ དགྱེས་པའི་མཆོད་ཡོན་བཞེས་ནས་ཀྱང་༔ བདག་གི་རེ་བ་སྐོང་དུ་གསོལ༔ བརྔན་འོས་ཁྱེད་རྣམས་བརྔན་པ་ཡིས༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཧཱུྃ༔ གཞན་ཡང་བརྔན་པར་འོས་པའི་མགྲོན༔ མིང་དང་མཚན་ནས་མ་ཐོས་པའི༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྲུང་མ་དམ་ཅན་རྒྱ་མཚོ་དང་༔ ལྷ་དང་དྲང་སོང་ཐམས་ཅད་བརྔན༔ ཡུལ་ལྷ་ནང་ལྷ་ནོར་ལྷ་དང་༔ ལམ་ལྷ་གཉེན་པོ་ཐམས་ཅད་བརྔན༔ གཞན་ཡང་དུས་གསུམ་ཕ་མ་དང་༔ ཁམས་གསུམ་རིགས་དྲུག་ཐམས་ཅད་བརྔན༔ ཡི་དྭགས་རྣམས་དང་བགེགས་རྣམས་དང་༔ ལན་ཆགས་སྙིང་རྗེའི་མགྲོན་རྣམས་བརྔན༔ གློ་བུར་ལྷགས་པའི་མགྲོན་རྣམས་དང་༔ ལྷག་མའི་མགྲོན་རིགས་ཐམས་ཅད་བརྔན༔ རྒྱལ་ཕམ་མེད་པར་ཐོབ་ནས་ཀྱང་༔ ཡིད་ལ་རེ་བ་རྫོགས་པར་མཛོད༔ ཧཱུྃ༔ དེ་ལྟར་མགྲོན་རིགས་ཐམས་ཅད་ཀྱི༔ མངའ་རིས་སྤྱན་ལམ་སོ་སོ་རུ༔ མཆོད་སྦྱིན་གཏོར་མ་འདི་བརྔན་པས༔ ལོངས་སྤྱོད་ནམ་མཁའི་མཛོད་གྱུར་ཏེ༔ གང་ལ་ཅི་འདོད་ཐོབ་པར་ཤོག༔ རྒྱགས་བརྔན་ཆེན་པོ་འདི་མཛད་པས༔ མགྲོན་རིགས་བརྔན་པའི་བྱིན་རླབས་ཀྱིས༔ བདག་གི་དོན་རྣམས་འགྲུབ་པར་ཤོག༔ སྔོན་ཚེ་སློབ་དཔོན་པདྨ་ཡིས༔ རྒྱགས་བརྔན་ཆེན་པོ་འདི་མཛད་པས༔ གཙུག་ལག་འགྲུབ་ཅིང་མཐའ་དམག་ཐུལ༔ རྗེ་ཡི་དགོངས་པ་འགྲུབ་པ་དང་༔ བོད་ཁམས་བདེ་སྐྱིད་འབྱུང་བ་ལྟར༔ བདག་གིས་མགྲོན་རྣམས་བརྔན་པ་ཡིས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ འཁོར་རྣམས་སྲུང་ལ་རྐྱེན་རྣམས་བཟློག༔ ཚེ་སྲིང་དཔལ་སྐྱེད་འབྱོར་པ་སྤེལ༔ སྙན་པ་བསྒྲུབ་ལ་གྲགས་པ་སྒྲོགས༔ རྟག་ཏུ་འགོ་ཞིང་སྟོང་གྲོགས་མཛོད༔ མགྲོན་རྣམས་བདེ་ཞིང་འཇིགས་པ་མེད༔ ལམ་འཕྲང་བདེ་བ་བགྲོད་པ་དང་༔ རྙེད་པ་ཆེན་པོ་འགྲུབ་པ་དང་༔ གཞི་བྱེས་ཀུན་ཏུ་བདེ་ལེགས་མཛོད༔ ཅེས་མགྲོན་རིགས་རྣམས་བརྔན་ལ༔ དེ་ནས་བརྔན་གཏོར་མཆོད་གཡོག་པས་བཏེགས་ལ་ཕུད་ཀྱིས་བྲན་ལ་འདི་སྐད་དོ༔ ༼འདི་ཡི་སྔོན་དུ་བསྟན་མ་བཅུ་གཉིས་ཀྱི་གཏོར་མ་འབུལ་བའི་ཕྱག་ལེན་ཡོད༔༽ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཏགས་པའི་ལྷ་འདྲེ་རྣམས༔ ཐམས་ཅད་འདིར་བྱོན་དམ་ལ་དགོངས༔ ང་སློབ་དཔོན་དེ་ཡི་རིགས་འཛིན་ཡིན༔ ཁྱོད་དམ་ལ་བཏགས་པའི་ལྷ་འདྲེ་ཡིན༔ བརྔན་པའི་དམ་རྫས་འདི་བཞེས་ལ༔ བཀའ་དང་དམ་ལ་མ་འདའ་ཤིག༔ ཧཱུྃ༔ བརྔན་པའི་དམ་རྫས་འབུལ་བ་ནི༔ ཤེལ་ཚིག་ཁྲི་དཀར་སྟོང་ནག་དང་༔ དཀར་མོ་གཡང་མོ་ལུག་བརྒྱ་དང་༔ ནག་པོ་ཟིལ་མོ་འབྲི་བརྒྱ་འབུལ༔ ཁྲ་བོ་གོལ་བུ་རྟ་བརྒྱ་འབུལ༔ ཁམ་པ་འགྱིང་ཡག་གཡག་བརྒྱ་འབུལ༔ རིན་ཆེན་སྣ་ལྔ་འབྲུ་སྣ་འབུལ༔ དར་སྣ་ལྔ་དང་སྨན་སྣ་འབུལ༔ གཙང་མའི་ཕུད་དང་བདུད་རྩིའི་སྐྱེམས༔ སོ་སོར་བརྔན་པའི་གཏོར་མ་འབུལ༔ བཞེས་ནས་ཕྲིན་ལས་འགྲུབ་པར་མཛོད༔ ཀྱེེ༔ དཀར་གཏོར་དམར་གཏོར་ཚོགས་ནི་སྤུངས་སེ་སྤུངས༔ འབྲང་རྒྱས་ཞལ་དཀར་རི་ལྟར་ཟངས་སེ་ཟངས༔ འགྱིང་གཡག་རྣམས་ནི་ངར་སྒྲ་ཆེམས་སེ་ཆེམས༔ ར་ལུག་རྣམས་ཀྱང་འབའ་སྒྲ་ཏི་རི་རི༔ སྙན་བྱ་རྣམས་ཀྱང་གསུང་སྙན་ཀྱུ་རུ་རུ༔ མཛོ་གཡག་རྣམས་ཀྱང་ངུར་དང་ཤང་སེ་ཤང་༔ ཅང་ཤེས་རྣམས་ནི་འདུར་དང་ཅངས་སེ་ཅངས༔ སྒོ་ཁྱི་རྣམས་ཀྱང་ཁང་ཟུག་ཏི་རི་རི༔ ཕག་རྒོད་རྣམས་ཀྱང་ངར་སྒྲ་ཆེམས་སེ་ཆེམས༔ འདབ་ཆགས་རྣམས་ཀྱང་འཕུར་དང་ལྷབས་སེ་ལྷབས༔ རི་དྭགས་རྣམས་ཀྱང་ཙེ་ཀྱུ་སྤྲིངས་སེ་སྤྲིངས༔ གཅན་གཟན་རྣམས་ཀྱང་ངར་སྒྲ་འུ་རུ་རུ༔ ཉ་སྦལ་ལྕོང་མོ་རྐྱལ་དང་ཕྱ་ལ་ལ༔ བསང་ཀྱི་དུད་པ་སྤྲིན་ལྟར་འཐིབས་སེ་འཐིབས༔ བདུད་རྩི་ཇ་ཆང་མཚོ་ལྟར་ཀྱི་ལི་ལི༔ རྩི་ཤིང་སྦ་སྨྱུག་རྣམས་ཀྱང་ལྡེམས་སེ་ལྡེམས༔ བལ་མཚོན་སྣ་ལྔའི་སྤྲིན་ཕུང་འཐིབས་སེ་འཐིབས༔ དར་སྣ་འཕན་དར་འཇའ་འོད་འཁྱུགས་སེ་འཁྱུགས༔ སྟག་རས་གཟིག་རས་རྣམས་ནི་ལྷབས་སེ་ལྷབ༔ མདའ་དར་མདུང་དར་མེ་ལོང་ལམ་སེ་ལམ༔ གསེར་དངུལ་རིན་ཆེན་རྒྱན་ཆ་ཁྲ་ལ་ལ༔ སྨན་སྤོས་དྲི་ཞིམ་ངད་པ་ཀྱི་ལི་ལི༔ འདོད་ཡོན་ལོངས་སྤྱོད་དཀོར་ནོར་བསམ་མི་ཁྱབ༔ དེ་འདྲའི་དམ་རྫས་མཆོད་གཏོར་མང་པོ་འདི༔ ས་གཞི་བར་སྣང་ནམ་མཁའ་ཡོངས་བཀང་ནས༔ འབུལ་ལོ་མཆོད་དོ་གསོལ་ལོ་འདྲེན་ནོ་བརྔན༔ སོ་སོའི་ཐུགས་མཆོག་མཉེས་ཤིང་ཐུགས་དམ་བསྐང་༔ བདག་ཅག་བསམ་པའི་དོན་རྣམས་འགྲུབ་པ་དང་༔ བཀྲ་ཤིས་བདེ་ལེགས་མ་ལུས་འབྱུང་བ་དང་༔ ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པར་མཛོད༔ སོ་སོར་བརྔན་པའི་ཡོན་ཏན་གྱིས༔ ལྷ་སྲུང་གཉེན་པོ་ཁྱེད་རྣམས་ཀྱི༔ བདག་གི་དགེ་བའི་སྡོང་གྲོགས་མཛོད༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ བུ་ནོར་ལོངས་སྤྱོད་འཕེལ་བར་མཛོད༔ མི་མཐུན་ཕྱོགས་ཀུན་ཞི་བ་དང་༔ ཚེ་རིང་ལོངས་སྤྱོད་རྒྱས་པ་དང་༔ བསམ་པ་སྒྲུབས་ལ་རེ་བ་སྐོང་༔ བར་དུ་གཅོད་པའི་དགྲ་བགེགས་ཐུལ༔ ལྷ་སྲུང་བརྔན་པའི་བྱིན་རླབས་ཀྱིས༔ ཅི་བསམ་དོན་རྣམས་འགྲུབ་པར་མཛོད༔ ཅེས་གཙང་སར་འབུལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་བྲག་དམར་བསམ་ཡས་ནས་བརྔན་ཆེན་མོ་འདི་ལ་འབུལ་ཆོག་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱི་གཏེར་མའོ༔ རྒྱལ་སྲས་ཉིད་ཀྱིས་རྡོ་ཡི་མཆོད་རྟེན་ནས་སྤྱན་དྲངས་པ་འདི་ཉིད་དཔེ་མ་དག་པ་རྒྱུན་འཁྱམ་ལ་ཀློང་ཆེན་རབ་འབྱམས་པས་ཞུ་དག་མཛད་ཅིང་དེ་མཐུན་སྐྱེ་བ་ལྔ་པའི་སྒྲ་དབྱངས་ཞུ་ཆེན་པས་མཛད་པ་ལ་གཞུང་སྟོན་སྲོལ་ཡོད༔ དགེའོ།། །།