རྒན་གྱའི་ཚོ་བ་དྲུག

ཡོང་ཁུངས་Wikipedia

རྒན་གྱའི་ཚོ་བ་དྲུག་ནི་བསང་ཆུ་རྫོང་ཁོངས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བྱང་ཕྱོགས་སུ་གནས་ཤིང་། ཤར་དུ་ཧོར་གཙང་དང་ཀ་ཅུ། ལྷོར་གནམ་ལྷ་དང་བླ་བྲང་ལྷ་སྡེ་བཞི། ནུབ་བྱང་དུ་རེབ་གོང་མགར་རྩེ་བཅས་དང་ཡུལ་མཚམས་འདྲེས། དེ་ཡང་རྒན་གྱ་ནི་ཁ་གྱ་ཚོ་དྲུག་གི་ནང་ཚན་ཡིན་ཞིང་། མངའ་བདག་ཁྲི་རལ་བ་ཅན་གྱི་རིང་ལ་གཡི་ཚ་དམག་དཔོན་གྱི་མདོ་སྨད་དུ་ས་མཚམས་སྲུང་བའི་དམག་དཔུང་དྲངས་པའི་ཁྲོད་དུ་ཁྲོ་རྒྱལ་བྱ་བ་བྱུང་། དེས་བསང་ཆུའི་འབབ་ཡུལ་དང་རྒན་གྱའི་གཞུང་དུ་ས་བཟུང་ནས་བསྡད། རྗེས་སུ་ཡུལ་ཕྱོགས་གཞན་ནས་འབྲོག་ཁྱིམ་ཁ་ཤས་ཡུལ་འདིར་སྤོས་ཤིང་གཞི་བཅས། རིམ་བཞིན་འཕེལ་ཏེ་རྒན་གྱའི་ཚོ་དྲུག་ཆགས་ཟེར། རྒན་གྱའི་ཚོ་བ་དྲུག་དང་རུས་ཚན་བདུན་ཞེས་པའི་བཤད་སྲོལ་དེ་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་སྐབས་བྱུང་། སྔོན་རྒན་གྱ་ནི་བོད་ཀྱི་དམག་དཔོན་ཆེན་པོ་གཡི་ཚའི་གདུང་རབས་ཀྱིས་བཟུང་ཡོད་དེ། བིས་མདོ་དགོན་པའི་གདན་རབས་སུ། རྒན་གྱའི་མི་རྒྱུད་ཀྱི་གོང་མ་ནི་ཚེ་ཕྱུག་དང་ཀླུ་ཕྱུག་བྱ་བའི་སྤུན་མཆེད་གཉིས་ལས་མཆེད། དེ་གཉིས་ཐོག་མར་དབུས་གཙང་ནས་མདོ་སྨད་ཙོང་ཁའི་སྒོ་མེ་གཡུ་ཚར་བསྡད་ནས་ས་འཛིན་པར་འདོད་ཀྱང་། མི་རིང་བ་ན་ས་དེའི་དཔོན་པོས་མ་གནང་བར་བསྐུལ་བར་བརྟེན་ནས་བིས་མདོའི་ཉེ་འདབས་གཡུའི་ཐུལ་བ་ཅན་ཞེས་པའི་ཡུལ་དུ་སྤོས་ཏེ་ལོ་མང་བསྡད། དེ་རྗེས་ཁ་གྱ་ཚོ་དྲུག་གི་དཔོན་པོར་འཕྲད་ཅིང་ས་བསླངས་པས། དར་རྒྱལ་རི་བོའི་ནུབ་འདབས། བྲག་དཀར་གནས་ཁང་གི་མདུན་ནས་ས་བྱིན་པས། སྟོད་ན་རྒོད་དང་གཙོད་སོགས་རི་དྭགས་བརྔོན་རྒྱུ་ཡོད་པ། བར་དུ་རྩྭ་ཆུ་བཟང་བས་ནོར་ལུག་སྐྱོང་འོས་པ། སྨད་ནས་ལོ་ལེགས་འབྲུ་རིགས་ཐོན་པའི་གནས་འདིར་སྤུན་མཆེད་གཉིས་ཀྱིས་ས་བཟུང་། རིམ་བཞིན་དེའི་རྒྱུད་པ་མི་ཁྱིམ་བདུན་དུ་འཕེལ་བ་དེ་རྒན་གྱའི་མི་རྒྱུད་ཀྱི་ཐོག་མ་ཡིན། དུད་ཁྱིམ་བདུན་གྱི་དཔོན་པོས་རྐང་ཚའི་བུ་མོ་ཞིག་དང་རེབ་ཙའི་བུ་མོ་ཞིག་ཁྱིམ་ཐབ་ཏུ་བཞེས་ཤིང་། རྐང་ཚའི་བུ་མོར་བུ་བཞི་སྟེ། རྒན་གྱའི་བླ་མ་དཀར་དཀར། སངས་རྒྱས་སྐྱབས། ཐར་པ་དཔོན་པོ། ཁྲོ་རྒྱལ་འབུམ་རྣམས་བྱུང་། རྒན་གྱའི་བླ་མ་དཀར་དཀར་ནི་སྐུ་ན་ཆུང་དུས་ནས་དབུས་གཙང་དུ་ཕེབས། ཐམས་ཅད་མཁྱེན་པ་རྒྱལ་དབང་ལྔ་པའི་སྲས་ཀྱི་ཐུ་བོར་གྱུར། མཚན་སྙན་གྱི་གྲགས་པ་རྒྱ་བོད་སོག་གསུམ་ལ་ལྡིར། སངས་རྒྱས་སྐྱབས་དཔོན་པོར་གྱུར། རྐང་ཚའི་བུ་མོ་ཞིག་ཁབ་ཏུ་བཞེས་པ་ལས་ཐུགས་རྗེ་འབུམ་བྱུང་། ཐུགས་རྗེ་འབུམ་གྱིས་རྒན་གྱའི་དཔོན་རྒྱུད་བཟུང་། མཚན་གཞན་གདོང་དམར་དཔོན་པོ་ཟེར། དེར་ཡང་དབང་ཆེན་འབུམ་དང་། ཨ་མྱེས་ཆོས་པ། རྒན་གྱའི་དགེ་སློང་། ཚེ་མཁར་རྒྱལ་བཅས་བུ་བཞི་བྱུང་། ཆེ་བ་དབང་ཆེན་འབུམ་ནི་རྒན་གྱའི་དཔོན་པོར་གྱུར་ཞིང་མཚན་སྙན་གྱི་གྲགས་པ་རྒྱས། ཡུལ་མི་ཀུན་གྱིས་གོང་དུ་བཀུར། དེས་ཧོར་གཙང་དཔོན་པོའི་བུ་མོ་ཁབ་ཏུ་བཞེས་པས་ཀླུ་འབུམ་བཀྲ་ཤིས་དང་། ནོ་ཡོན་དཔོན་པོ་བློ་བཟང་ཕུན་ཚོགས། ལྷ་འབུམ་བཀྲ་ཤིས། དགེ་བཤེས་བློ་བཟང་བསྟན་འཛིན། བཙུན་པ་ཤེས་རབ་མཐུ་སྟོབས་བཅས་བུ་ལྔ་བྱུང་། དེའི་རྒྱུད་པ་རྣམས་རྒན་གྱ་ནས་བསྡད། རིམ་བཞིན་དུ་མི་ཕྱུགས་མང་དུ་འཕེལ་ཏེ་རྒན་གྱའི་ཚོ་བ་དྲུག་བྱུང་། དེའི་ལོ་རྒྱུས་རྣམས་རྒྱས་པར་བིས་མདོ་དགོན་པའི་གདན་རབས་སུ་གསལ་བས་དེར་གཟིགས་པར་འཚལ་ལོ། ། རབ་བྱུང་བཅུ་གཉིས་པའི་ས་མོ་གླང་གི་ལོ་སྟེ་སྤྱི་ལོ1709ལོར་སྐྱབས་རྗེ་བླ་མ་ངག་དབང་བརྩོན་འགྲུས་ཀྱིས་བླ་བྲང་དགོན་པའི་གནས་ས་བརྟགས་ཏེ་དགོན་པ་འདེབས་པར་རྩོམ་དུས། རྐང་ཚའི་ནང་སོ་དང་། རྒན་གྱའི་ཁ་གྱའི་བརྒྱ་དཔོན་གཉིས་ཀྱིས་དགུན་མཚེར་ཕུལ་ཏེ་བཀྲ་ཤིས་འཁྱིལ་གྱི་དགོན་གནས་བྱས། དགོན་པ་བཞེངས་འགྲུབ་རྗེས་རྒན་གྱ་ནི་བླ་བྲང་དགོན་པའི་ལྷ་སྡེ་ཚོ་ཆེན་བརྒྱད་ཀྱི་ནང་ཚན་དུ་གྱུར་ཏོ། །རྒན་གྱའི་ཚོ་བ་དྲུག་ནི། ཁ་གྱ། རྒན་གྱ་གོང་མ། བར་མཐའ། རིན་ཆེན། སི་རུག ཞོལ་སྐོར་རྣམས་སོ། །