རྒན་གྱའི་བྲག་དཀར་

ཡོང་ཁུངས་Wikipedia

རྒན་གྱའི་བྲག་དཀར་

བྲག་དཀར་གནས་ཁང་ནི། ས་གནས་ད་ལྟའི་ཀན་ལྷོའི་བསང་ཆུ་རྫོང་རྒན་གྱ་ཞང་བྲག་དཀར་དགོན་པ་ནས་སྤྱི་ལེ་གཅིག་གི་ལམ་དང་རྫོང་ནས་སྤྱི་ལེ་བཞི་བཅུ་བརྒྱུད་མཐར་གནས་འདི་ལ་ཐོན་ཐུབ།

བྲག་དཀར་གནས་ཁང་ནི་དུས་རབས་བརྒྱད་པ་སྤྱི་ལོ་༧༧༥ཡས་མས་སུ་རྒྱ་གར་གྱི་སློབ་དཔོན་པད་མ་འབྱུང་གནས་ཀྱིས་གནས་སྒོ་ཕྱེས་ཏེ་བྱིན་གྱིས་བརླབས།

སྤྱི་ལོ་༡༢༦༥ལོ་ཡས་མས་སུ་འགྲོ་མགོན་འཕགས་པས་གནས་སྒོ་ཇེ་གསལ་དུ་བཏང་།

རྗེ་ཙོང་ཁ་བའི་བླ་མའི་བླ་མ་ཏ་དབོན་གཞོན་ནུ་སེང་གེས་སླར་ཡང་གནས་སྒོ་ཕྱེ་བ་དང་ཆབས་གཅིག་ཏུ་དགོན་པ་བཏབ་པས་དགེ་འདུན་ཁྲི་ཕྲག་འདུས་པ་དང་།

སྔགས་པ་ཕུར་ཐོགས་སྟོང་། ཁྱིམ་པ་འབུམ་ཚོགས་པར་ལོ་རྒྱུས་སུ་གསལ།

སྤྱི་ལོ་༡༥༧༦ཡས་མས་སུ་སྟོང་སྐོར་ཡོན་ཏན་རྒྱ་མཚོ་ཕེབས་ཏེ་སྒོམ་སྒྲུབ་གནང་།

པན་ཆེན་བསོད་གྲགས་ཀྱི་སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་བོ་ཡང་བྱོན་ཏེ་སྒོམ་སྒྲུབ་གནང་བས།

སློབ་དཔོན་པད་མ་འབྱུང་གནས་དང་། རྗེ་བཙུན་སྒྲོལ་མ། སྤྱན་རས་གཟིགས་རྣམས་གནས་འདིར་མངོན་སུམ་དུ་བཞུགས་པ་མཇལ།

སྤྱི་ལོ་༡༦༠༦ཡས་མས་སུ་སྟོང་འཁོར་མདོ་སྡེ་རྒྱ་མཚོ་ཕེབས་ཏེ་སྒོམ་སྒྲུབ་གནང་ཞིང་ཕྱག་སེན་གྱིས་བྲག་ལ་གུ་རུ་སིདྷི་བྲིས།

སྤྱི་ལོ་༡༦༣༥ལོར་དབུས་ནས་བྱོན་པའི་སྐྱིད་ཤོད་སྡེ་བ་བསྟན་འཛིན་བློ་བཟང་རྒྱ་མཚོ་ཕེབས་ནས་སྒོམ་སྒྲུབ་གནང་ཞིང་གནས་འདི་བདེ་མཆོག་གི་ཕོ་བྲང་ཡིན་གསུངས།

སྤྱི་ལོ་༡༦༤༠ལོར་རོང་བོའི་གྲུབ་ཆེན་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་ཕེབས་ཏེ་སྒོམ་སྒྲུབ་གནང་།

ལོ་འདི་ཡས་མས་སུ་ཀིརྟི་བསྟན་པ་རབ་རྒྱས་བྱོན་ཏེ་གནས་ཁང་གི་རྟེན་གྱི་གཙོ་བོ་འཁོར་ལོ་བདེ་མཆོག་གི་རང་བྱོན་ངོས་འཛིན་གནང་ཞིང་གནས་ཡིག་མཛད།

གསོས་ཁང་ཆོས་རྗེ་(༡༥༥༨/༡༦༤༣)སངས་རྒྱས་རྒྱ་མཚོ་དང་འཁོན་སྟོན་དཔལ་འབྱོར་ལྷུན་འགྲུབ་སོགས་ཀྱི་དངོས་སློབ་གུང་རུ་མཁའ་འགྲོ་མ་བློ་བཟང་ཆོས་སྒྲོན་བྱོན་ནས་སྒོམ་སྒྲུབ་མཛད་དེ་གཏན་བཞུགས་གནང་བས་སྐུ་ཕྲེང་རིམ་བྱོན་ལ་རྒན་གྱའི་མཁའ་འགྲོ་མ་ཞེས་གྲགས་སོ།།

སྤྱི་ལོ་༡༦༦༥ལོར་ཤར་སྐལ་ལྡན་རྒྱ་མཚོ་བྱོན་ནས་སྒོམ་སྒྲུབ་མཛད་སྐབས།

གནས་རིའི་རྩེར་སྤྱན་རས་གཟིགས་དང་།བྲག་ངོས་སུ་བདེ་མཆོག་ལྷ་ཡི་དཀྱིལ་འཁོར།རྡོ་ཕ་བོང་སྟེང་དུ་རྗེ་བཙུན་མི་ལ་དང་།བླ་མ་མར་བ་བཞུགས་པ་མཇལ་ཞིང་།

ཁོང་གི་གསོལ་ཆུ་སྨན་ཆུར་བྱིན་གྱིས་བརླབས།

སྤྱི་ལོ་༡༧༡༠ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་བྱོན་ཏེ་གནས་གཟིགས་མཛད་ཅིང་བདེ་མཆོག་གི་ཕོ་བྲང་བཞུགས་པའི་མཁའ་འགྲོ་མའི་གནས་སུ་སྣང་བས་གནས་འདིར་རྒྱུད་གྲྭ་བཙུགས་ན་ལེགས་གསུངས།

སྤྱི་ལོ་༡༧༧༣ལོར་ཐུའུ་བཀན་ཆོས་ཀྱི་ཉི་མ་ཐེངས་དང་པོར་ཕེབས་ཤིང་གནས་གཟིགས་དང་འབྲེལ་ཨོཾ་ཨཱ་སོགས་ཀྱི་རང་བྱོན་ངོས་འཛིན་གནང་།

སྤྱི་ལོ་༡༧༨༣ལོར་ཀུན་མཁྱེན་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་བྱོན་ཏེ་སྤྱན་རས་ཕྱག་སྟོང་སྤྱན་སྟོང་དང་ཕུར་བའི་རང་བྱོན་ངོས་འཛིན་གནང་།

སྤྱི་ལོ་༡༨༨༩ལོར་ཞང་སྟོན་བསྟན་པ་རྒྱ་མཚོ་བྱོན་ནས་སྤྱན་རས་གཟིགས་བཅུ་གཅིག་ཞལ་དང་སྒྲོལ་མའི་རང་བྱོན་ངོས་འཛིན་གནང་།

སྤྱི་ལོ་༡༨༩༩ལོར་དཔའ་རིས་འཇིགས་མེད་རབ་གསལ་རྒྱ་མཚོ་བྱོན་ནས་སྒོམ་སྒྲུབ་གནང་བས་མངོན་ཤེས་ཐོབ།

སྤྱི་ལོ་༡༩༥༥ལོར་ཁྲི་གུང་ཐང་དྲུག་པ་ཆེན་པོ་བྱོན་ནས་ཐུགས་སྨོན་གནང་བཞིན་བྲག་ལ་ཕྱག་རྗེས་བཞག་གནང་མཛད།

སྤྱི་ལོ་༡༩༦༥ལོའི་ཧོར་ཟླ་དང་བོའི་ཚེས་ཉེར་ལྔ་ཉིན་གནས་ཁང་སྦུག་ནས་གཟིག་གཉིས་གློ་བུར་དུ་ཕྱིར་ཐོན་ཡང་།

གཅིག་གར་སོང་ཆ་མེད་དུ་གྱུར་པ་དང་།

གཅིག་ཉིན་ཤས་ནས་ཤི་བོར་གྱུར་པས་པགས་པ་སྲིད་གཞུང་གིས་གཞུང་བཞེས་བྱས།

དེའི་རུས་པའི་ཆ་ཤས་དེང་སང་ཡང་དགོན་པའི་ནང་དུ་དྲན་རྟེན་དུ་ཡོད།

ངོ་མཚར་བའི་རང་བྱོན་རྣམས་རེ་རེ་བཞིན་ཞུ་བར་རྔོ་མི་ཐོགས་པས་དགོན་པའི་སྣེ་ཤན་པའི་ངག་ལས་ཤེས་དགོས་སོ།།

གནས་ཁང་ནང་གི་རིང་ཚད་རྨིད༡༥༠༠ཡོད་ལ།

སྒོ་ནས་ཡར་འཛུལ་རྗེས་ས་འོག་ལ་མར་འགྲོ་དགོས་པས་ས་འོག་སྤྱོད་པའི་གནས་ཆེན་ན་ག་ར་ཞེས་དང་བདེ་མཆོག་གི་ཕོ་བྲང་ཡོངས་སུ་གྲགས་ཡོད།

མཐོང་བ་མངོན་གྱུར་བའི་གནས་ཀྱི་མཛེས་ཉམས་ལོངས་སུ་སྤྱོད་པའི་ཆེད་དང་།

དད་ལྡན་སྙིང་ལ་བྱིན་རླབས་འཇོ་བར་བརྟེན།

རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་བ་དང་།

གནས་མཇལ་བ། ལུས་ངག་ཡིད་གསུམ་དོན་དང་ལྡན་ཆེད་དུ།

དུས་དབྱར་དགུན་སྟོན་དཔྱིད་མེད་པར་ཕྱོགས་རིས་མེད་ཀྱི་སྐུ་མགྲོན་འཚང་ཁ་ཤིག་ཤིག་གིས་ཕེབས་བཞིན་པ་འདིའོ།།།།

༼སྦྲང་ཆར་གྱིས་རྒན་གྱའི་དཀོན་མཆོག་རྒྱ་མཚོའི༼ཡང་དག་རིག་པའི་ངར་སྐད་༽ལས་བཤུས་བཀོད་བྱས།