རོང་ཟོམ་རྣམ་ཐར་

ཡོང་ཁུངས་Wikipedia
Jump to navigation Jump to search

རོང་ཟོམ་ཆེན་པོའི་བྱུང་བ་མདོར་བསྡུས་སུ་བཀོད་པ།

བོད་རུ་བཞིའི་ནང་ནས་གཙང་རུ་ལག་སྨད་ཀྱི་སྣར་ལུང་རོང་དུ་ཡབ་རོང་བན་རིན་ཆེན་ཚུལ་ཁྲིམས་ཞེས་པའི་སྲས་སུ་འཁྲུངས། སྨྲ་བའི་སྒོ་ཕྱེ་བ་ཙམ་ནས་ཆོས་ཀྱི་གཏམ་འབའ་ཞིག་གསུངས་པས། རང་གི་མེས་པོ་རོང་བན་ཡོན་ཏན་རིན་ཆེན་ན་རེ། འདི་པཎྡི་ཏ་སྨྲི་ཏི་ཛྙཱ་ན་ཉིད་ཀྱི་སྐྱེ་བའོ། ། གསུངས། ས་སྐྱའི་ཆོས་འབྱུང་ཞིག་ཏུ་འདི་ལྟར། པཎྜིཏ་ཕྲ་ལ་རིང་བས་རོང་པ་ཆོས་བཟང་ལ་གྲོང་འཇུག་བྱས་པས་རོང་པས་ཆོས་མང་པོ་རྡོལ་ཤེས་སུ་བྱུང་བ་ཡིན་ནོ། ། ཞེས་གསུངས། ཆུང་ངུའི་དུས་མ་ཡུམ་གྱིས་ཆེད་གཏད་ཀྱིས་ཁྲིད་དེ་རོང་གི་ཆུ་ཚན་ཁར་ཇོ་བོ་རྗེ་ལྷ་ཅིག་མཇལ། མས་བདག་གི་བུ་འདི་བརྗོད་པའི་སྒོ་རྣམ་གྲངས་དུ་མའི་སྨྲ་བ་ལྷུར་ལེན་པ་ཞིག་འདུག་པས་ང་རང་གིས་ཅི་ཡིན་ན་སྙམ་ཏེ་ཡིད་མི་བདེ་བ་ཞིག་བྱུང་། འགའ་ཞིག་ནི་སྨྲ་བ་དེ་དག་རྒྱ་གར་གྱི་སྐད་དུ་ཆོས་ཀྱི་ཚིག་བརྗོད་པའོ། ། ཞེས་གླེང་ན། ཇི་ལྟའི་གནས་ལ་སྒྲིབ་པ་མི་མངའ་བའི་ཡེ་ཤེས་གཟིགས་པའི་སྤྱན་ལྡན་ཁྱེད་ཀྱིས་བཀའ་སྩོལ་བར་མཛོད། ཅེས་ཞུས་པས། ཇོ་བོས་བྱིས་པ་དེ་སྐུ་པང་དུ་བཞེས་ནས་ཞལ་འཛུམ་པ་དང་ལྡན་པས། ཀི་ན་ཧོ། ཞེས་སོགས་རྒྱ་གར་གྱི་སྐད་ཀྱིས་དྲི་བ་མཛད་པ་ལ་བྱིས་པས་ལན་ཐོགས་པ་མེད་པར་བཏབ། ཇོ་བོའི་ཞལ་ནས། ཨཱ་ཙརྱ་ནག་པོ་སྤྱོད་པ་ཆེན་པོ་དེ་ཉིད་ཚེ་འཕོས་མ་ཐག་པ་འདི་ཡིན་ཏེ། ཁོ་བོས་འདི་ལ་ཆོས་གཏམ་བྱ་ག་ལ་བཏུབ། ཅེས་བསྔགས་ཤིང་གུས་པ་མཛད་པས་སྤྲུལ་པའི་སྐུ་རྩོད་མེད་དུ་ཐམས་ཅད་ལ་གྲགས་པར་གྱུར། བྱིས་པའི་དུས་སུ་རྒྱ་གར་གྱི་ཨ་ཙ་ར་མཐོང་ཚད་ལ་དགྱེས་ཤིང་རང་བཞིན་གྱིས་ཕན་ཚུན་སྐད་བརྡ་འཕྲོད་པ་བྱུང་། སྐུ་ན་ཆུང་ངུའི་སྐབས་སུ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ལས་གསན་པ་མཛད་པའི་ཚེ། ཆོས་གཏམ་གྱིས་རྩེད་མོའི་བགྲོ་གླེང་གིས་དེར་འཁོད་རྣམས་ཀྱི་སྤོབས་པ་ཟིལ་གྱིས་མནན་པར་གྱུར་པས། ནམ་ཞིག་ཡབ་རྒྱགས་སྐྱེལ་དུ་བྱོན་དུས། དེར་འཁོད་པའི་གྲྭ་བ་དག་ན་རེ། ཁྱེད་ཀྱི་བུ་ཆུང་ངུ་འདི་ཐོ་ཅོ་ཆེ་བས། ངེད་ཅག་རྒྱུན་པར་སུན་འབྱིན་ལ་རྣོ་བས། འདི་ཕྱིར་ཁྲིད་ན་འཐད། ཅེས་ཟེར་བ། ཡབ་ཀྱིས་སློབ་དཔོན་ལ། གྲྭ་བ་དག་དེ་ལྟར་ཟེར་ན་ཕྱིར་འཁྲིད་དམ། ཞེས་ཞུས་པ་ལ། སློབ་དཔོན་གྱིས་དེ་སྐད་མ་ཟེར་ཅིག ། ཁོས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་གོ་ནས་ཡོད་པས་ཡིན། དོན་མེད་ཀྱི་སུན་འབྱིན་མིན། གསུངས། དེར་དགུང་ལོ་བཅུ་གཅིག་བཞེས་པ་ནས་ངུར་སྨྀག་གི་ཆོས་གྲྭར་མཚན་ཉིད་ཀྱི་ལུང་ཆོས་ལ་སྦྱངས་པས། བཅུ་གསུམ་ཡན་ཆད་ལ་གསན་པ་རྫོགས་ཏེ་ཤེས་བྱ་ཐམས་ཅད་ལ་མ་རྨོངས་པར་གྲགས་སོ། ། ལོ་བཅུ་གཉིས་པ་ལ་མཚན་ཉིད་དང་ཚད་མའི་རིགས་ལམ་སྦྱང་། ཆོས་མཚམས་རྣམས་སུ་བྱིས་པའི་རྩེ་སར་ཡང་སློབ་དཔོན་གྱིས་གང་གསུངས་ཚད་ཆད་ལྷག་མེད་པ་སྤར་བཏབ་པ་ལྟ་བུ་ཤར་རེ་གསུངས་པར་མཛད། གང་གསན་པ་ཐམས་ཅད་ཚར་གཅིག་ཁོ་ནས་ཚིག་གཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་པས་འཇམ་དཔལ་གྱི་སྤྲུལ་པར་ཡོངས་སུ་གྲགས་པ་བྱུང་། དེར་ཟུར་འཆད་པ་མཁས་པ་ཆེན་པོ་མདོ་སྟོན་སེངྒེ་རྒྱལ་མཚན་བྱ་བས་མཛད་ནས་བསླབ་སྦྱངས་གནང། ནམ་ཞིག་མནལ་ལམ་དུ་རྒྱུད་གསང་བ་སྙིང་པོས་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱིས་ཚོད་མ་བྱས་ནས་ཚིམ་པར་གསོལ་བར་རྨིས། སློབ་དཔོན་ལ་ཞུས་པས། དེ་ཤིན་ཏུ་བཟང་། དེ་གཉིས་ཁོང་དུ་ཆུད་པའི་རྟགས་ཡིན། འགྲེལ་པ་རྩོམ་ལ་སྤེལ་ཅིག ། གསུངས། དེ་དུས་རྒྱལ་ཁམས་དུ་མཚར་གཏམ་སྒྲོག་པ་ལ་ཡང་། མུལ་བ་ཚུར་སྟོན་ཡི་གེ་མཁས། ། ཆོག་སྒྲིགས་གྲངས་ཀྱི་མེ་གྲགས་མཁས། ། སྒྲ་ཚད་འགོས་ལོ་ཁུག་པ་མཁས། ། ཐམས་ཅད་འཛོམ་པ་ཆོས་བཟང་ཙམ། ། ཅེས་ཟེར་སྐད། གཞན་ཡང་ཁོང་ཉིད་ཀྱི་ཞལ་ནས། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ལ་མ་ཐོས་པ་མེད་དོ། ། ཐོས་པ་ཆེ་བ་ཡང་མ་ཡིན་ཏེ། ཆོས་ཕལ་ཆེ་བ་ཚར་རེ་ལས་མ་ཐོས། ཞེས་གསུངས། ཤེས་བྱ་མཐའ་དག་ལ་མ་རྨོངས་པའི་པཎྜི་ཏ་ཆེན་པོ་འདིས། གཞན་ལ་ཕན་པ་ཁོ་ནའི་ཐུགས་ཀྱིས་མདོ་དང་། རྒྱུད་དང་། རིག་གནས་དང་། ཐ་ན་འཇིག་རྟེན་པའི་ཞིང་ལས་དང་། ཕྱུགས་སྐྱོང་བ། དཀར་ཤེ་ཇི་ལྟར་བསྒྲུབ་པ་ཚུན་ཆོད་ཀྱིས་བསྟན་བཅོས་ཆེས་མང་པོ་མཛད། སྔར་གྱི་ལོ་རྒྱུས་འགའ་ཞིག་ཏུ་པོ་ཏི་དྲུག་ཅུར་ལོང་བ་ཙམ་ཡོད། ཅེས་དང་། འགའ་ཞིག་ལས་དེ་བས་ཀྱང་མང་དུ་ཡོད་པར་བཤད། དེ་དག་ལས་སྔགས་ཀྱི་མན་ངག་ཕལ་ཆེ་བ་མཁའ་འགྲོས་གདན་དྲངས་ནས་སོང་། ཞེས་ཀྱང་གྲགས། ད་ལྟ་དངོས་སུ་བཞུགས་པའི་གསུང་ལ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་དོན་གྱི་ངེས་བརྗོད་དམ་ཚིག་མདོ་རྒྱས། རྒྱུད་རྒྱལ་གསང་བ་སྙིང་པོའི་རྒྱས་འགྲེལ་ཚུལ་བཞི་ཡན་ལག་བཅོ་ལྔ་པ། སངས་རྒྱས་མཉམ་སྦྱོར་འགྲེལ་ཆེན། ཐེག་ཆེན་ཚུལ་འཇུག། འཇམ་དཔལ་མཚན་བརྗོད་འགྲེལ་པ། སྨྲ་སྒོའི་འགྲེལ་པ་སོགས་པོ་ཏི་འབྲིང་པོ་གསུམ་ཙམ་བཞུགས། སྨྲ་སྒོའི་འགྲེལ་པ་འདི་ཇོ་བོ་སྨྲི་ཏིའི་གསུང་ཡིན་ཞེས་བོད་དུ་བསྟན་འགྱུར་ཁྲོད་དུ་བཞག་འདུག ། མཁས་པ་ལ་ལས་སྨྲི་ཏིའི་གསུང་མིན། ཟེར་ཡང་མ་ངེས། གདུལ་བྱའི་རྒྱུད་དང་དུས་མཁྱེན་པའི་མངོན་ཤེས་ཐོགས་མེད་མངའ་ཞིང་། སྙིང་རྗེ་ཆེན་པོའི་ཐུགས་ཀྱིས་ཕན་འདོགས་པའི་ཆེད་དུ་བརྩམ་པ་འབའ་ཞིག་ཡིན་ཕྱིར། གང་བརྩམ་པ་དེ་དག་གདུལ་བྱའི་དོན་དུ་འགྱུར་བ་དང་། འདིས་མཛད་པའི་སྔགས་ཀྱི་གདམས་ངག་རྣམས་ཀྱང་སློབ་བརྒྱུད་པ་དག་གིས་ལུང་མ་ཐོབ་ཀྱང་ཡི་གེ་བཞིན་ཉམས་སུ་བླངས་པས་བྱིན་རླབས་ཀྱི་མཚན་མ་མ་བྱུང་བ་མེད། ཅེས་སྔར་ཡོངས་སུ་གྲགས་ཤིང་། སྐུ་གཤེགས་པའི་རྗེས་སུ་ཡང་། ཁ་ཅིག་གིས་གསོལ་བ་བཏབ་པས་དངོས་སུ་བྱོན་ནས་གདམས་ངག་རྣམས་ཀྱི་དོགས་པ་བཅད་པ་སོགས་གསུང་རྣམས་བྱིན་རླབས་དང་ཕན་ཐོགས་ཁྱད་པར་འཕགས་པར་གྲགས། གཞུང་ལུགས་གང་རྩོམ་པར་ཞུས་ཀྱང་མི་མཁྱེན་པ་མེད་ལ། རྩོམ་པའི་ཚེ་གླེགས་བམ་བསྡུ་གཟིགས་སོགས་ལ་ཅུང་ཟད་ཀྱང་ལྟོས་མི་དགོས་པར་ཐོགས་མེད་དུ་བརྩོམ་པར་མཛད་ཅིང་། དེ་ལྟར་བརྩམ་པ་རྣམས་ལ་ལུང་རྣམས་ཀྱི་ཚིག་ཟུར་ཙམ་ཡང་ཉམས་པ་མེད་ཅིང་། ཚིག་འབྲུ་བཟང་པོ། དོན་བཟང་པོ། རིགས་པ་དང་འབྲེལ་བ། སྒྲོས་གཙང་བ། ཚིག་དོན་གང་ཐད་ནས་ཆོས་དང་མི་མཐུན་པར་སྐྱོན་གདགས་པའི་གཞི་མི་སྲིད་པར་གྱུར་ཅིང་། གོ་བའི་གནད་གཏིང་ཕྱིན་པར་གསལ་བའི་བསྟན་བཅོས་རྣམ་དག་འབའ་ཞིག་ཏུ་བྱུང་བས། སངས་རྒྱས་ཀྱི་གསུང་དང་རྗེས་སུ་མཐུན་པར་མཁས་པ་མཐའ་དག་གིས་དང་དུ་ལེན་པར་གྱུར། གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ལ། ལས་དང་དངོས་གྲུབ་སྒྲུབ་པའི་གདམས་པ་སྣ་ཚོགས་ཀྱིས་ཕན་པ་ཚད་མེད་པར་མཛད། ཕྱི་ནང་གི་རིག་གནས་དང་གཙུག་ལག་ཐམས་ཅད་དང་། རིག་བྱེད་དང་། ཚད་མའི་བསྟན་བཅོས་དང་། ཚིགས་བཅད་དང་། སྙན་ངག་གི་གཞུང་སོགས་འཕགས་བོད་དུ་ཡོངས་སུ་གྲགས་པ་རྣམས་ལྟ་ཅི་སྨོས་ཀྱི། གཞུང་ལུགས་རྒྱ་ཆེ་མུ་མེད་པའི་རྣམ་བཞག་རང་བཞིན་གྱི་ཐུགས་ལ་མངའ་བས། སོ་སོ་ཡང་དག་རིག་པ་བཞི་ཐོབ་པའི་འཕགས་ཆེན་གྱི་མཚན་ཉིད་དངོས་སུ་གསལ་བར་གྱུར། མདོ་རྒྱུད་བསྟན་བཅོས་ཀྱི་རྒྱ་གཞུང་བརླིང་བ་སྔར་མ་གཟིགས་པ་རྣམས་ཀྱང་ཚར་རེའམ། མང་ཡང་གཉིས་ལས་ལྷག་པར་གཟིགས་མ་དགོས་པར་དེ་དག་གི་ཚིག་དང་དོན་གྱི་ཆ་མ་ལུས་པ་ཐུགས་སུ་ཆུད་ཅིང་། སླར་དཔེ་ལ་ལྟོས་མི་དགོས་པའི་མི་བརྗེད་པའི་གཟུངས་ཐོབ་པར་གྲགས། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཝརྨ་དང་། མཉྫུ་ཤྲཱི་ཛྙཱ་ན་དང་། ཨུ་པཱ་ཡ་ཤྲཱི་མི་ཏྲ་དང་། བུདྷ་ཀ་ར་བྷ་དྲ་དང་། དེ་བཱ་ཀ་ར་ཙནྡྲ་དང་། པ་ར་མེ་ཤྭ་ར་དང་། ཨ་ཤོ་ཀ་བཛྲ་ལ་སོགས་པ་རྒྱ་གར་གྱི་པཎྜི་ཏ་མང་པོ་བསྟེན་ནས་དེ་དག་གི་ལོ་ཙཱ་བ་མཛད་དེ། རྡོ་རྗེ་འཇིགས་བྱེད་དང་། རྟོག་པ་གསུམ་པ་དང་། གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་དང་། འཇམ་དཔལ་གསང་ལྡན་དང་། བདེ་མཆོག་རྩ་རྒྱུད་དང་། སྔགས་དོན་རྡོ་རྗེ་རབ་འབྱེད་སོགས་བཀའ་དང་བསྟན་བཅོས་མང་དུ་བསྒྱུར། འགྱུར་ཤིན་ཏུ་བཟང་བས་གསར་འགྱུར་གྱི་ནང་ན་ཕུལ་དུ་བྱུང་བའི་ཚད་དུ་འཇོག་པ་བྱུང་། ཆོས་ཀྱི་ཚིག་དོན་ལྷག་པར་དཀའ་བ་ཞིག་ནའང་ལན་རེ་ཙམ་གྱིས་ཀུན་ཆུབ་པར་གྱུར་ཏེ། བོད་དུ་དེ་དུས་འགྱུར་བའི་བཀའ་འགྱུར་རོ་ཅོག་ཐུགས་སུ་ཆུད་ནས་ནམ་དགོས་སུ་ལྷུག་པར་སྩོལ་ལོ། ། རྒྱ་གར་གྱི་པཎྜི་ཏ་དེ་ཀུན་ན་རེ། ངྷ་རྨ་བྷ་དྲ་ཁྱོད་ཆོས་མང་པོ་རྩོམ་ལ་སྤེལ་ཞིག། ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག་གི །སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་ལས་མི་ཤེས་པས་ཀྱང་རྒྱ་གར་ན་ཆོས་རྩོམ་ན། ཁྱོད་ཅིའི་ཕྱིར་མི་རྩོམ། ཞེས་བསྔགས་སོ། ། གསུང་དེ་དག་ཀྱང་། རྒྱ་བོད་ཀྱི་སྐད་སྦྱར་ནས་དོན་གྱི་འཇུག་ཚུལ་སྟོན་པའི་བརྡ་ཆད་ལ་འགྲན་ཟླ་མེད་ཅིང་། ཤེས་བྱ་མཐའ་དག་གི་དོན་ལ་རིགས་པའི་ལམ་གྱིས་མཐའ་རྗེན་པར་དཔོགས་པའི་མཁྱེན་རབ་དྲི་མ་མེད་པ། ཟབ་པ་དང་རྒྱ་ཆེ་བ་མྱུར་བའི་སྤོབས་པ་འགྲན་ཟླ་དང་བྲལ་བའི་དབང་གིས། ཕྱོགས་ཀྱི་གླང་པོའི་ཤེས་རབ། ཆོས་ཀྱི་གྲགས་པའི་བརྒལ་བརྟག ། དབྱིག་གཉེན་ཞབས་ཀྱི་ཐོས་པ། ཙནྡྲ་གོ་མིའི་བརྗོད་པ། སློབ་དཔོན་དཔའ་བོའི་རྩོམ་པ་ལྔ་གང་ཟག་གཅིག་ལ་འཛོམས་པ་ལྟ་བུ་ཡིན། ཞེས་ཡོངས་སུ་གྲགས། ཁྱད་པར་སྒྲ་དང་ཚད་མའི་གཞུང་ལ་འདི་ལས་ལྷག་པ་བོད་དུ་མ་ཟད་འཕགས་ཡུལ་དུའང་མེད། ཅེས་དེ་དུས་ཀྱི་མཁས་པ་རྣམས་ཀྱིས་བསྔགས། སངས་རྒྱས་དངོས་ཀྱི་སྤྲུལ་པར་གྲགས་པ་ཡང་བྱུང་། ཁ་ཅིག་གིས་བོད་དུ་སྐྱེས་པ་ཞིག་གིས་རྒྱ་གར་མཁས་པ་རྣམས་ཀྱི་བསྟན་བཅོས་ལས་ཀྱང་མང་བ་དེ་ཙམ་རྩོམ་པ་ཇི་འདྲ་བ་ཞིག་ཡིན་ནམ་སྙམ་དུ། ཤབ་ཀྱི་ཡང་ཁྱེད་བླ་མ། མར་བ་དོ་བ། འུ་ཡུག་པ་མདའ་བ་བསམ་གཏན། མདོའི་ཁྱུང་པོ་ཧཱུཾ་སྙིང་། སེ་ཁྲོཾ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ། སྤང་ཁ་དར་ཆུང་། འགོས་ལྷས་བཙས། རྒྱ་རྒྱལ་ཚུལ་སོགས་མཁས་པ་དུ་མས་སུན་འབྱིན་ནུས་སམ་སྙམ་དུ། ཁྱུ་མཆོག་རྭ་བརྡར་བ་ལྟར་རྗེ་འདི་ཉིད་ཀྱི་དྲུང་དུ་ཕྱིན་པ་ན། བདག་ཉིད་ཆེན་པོས་ལུང་དང་རིགས་པ་དང་། སྒྲ་དང་དོན་གྱི་རྣམ་བཞག་དཔྱིས་ཕྱིན་པའི་གསུང་གདོང་ལྔའི་སྒྲ་དབྱངས་ཐོས་པ་ཙམ་ནས་ཁེངས་པའི་རི་བོ་བསྙིལ་ཏེ། ཞབས་པད་གུས་པའི་གཙུག་གིས་ལེན་པའི་སློབ་མ་ཤ་སྟག་ཏུ་གྱུར་པར་གྲགས། གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་ཐོས་པ་མང་པོའི་གཟུངས་ཐོབ་པར་གྲགས་པ་དེས་ཀྱང་དང་པོར་ཁ་བཏང་བྱས། བར་དུ་ཐེག་ཆེན་ཚུལ་འཇུག་མཐོང་བས་གུས་པ་ཆེན་པོ་སྐྱེས་ནས། མཐར་ཟང་ཟིང་མང་པོས་བསྙེན་བཀུར་བཅས་སྔར་གྱི་རང་ཉེས་བརྗོད་དེ་བཤགས་ཤིང་རྗེས་སུ་བཟུང་བར་གསོལ་བ་བཏབ་སྟེ། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ། འཇམ་དཔལ་གསང་བའི་རྒྱུད་སོགས་ཆོས་མང་དུ་གསན། གསང་རྒྱུད་གསན་སྐབས་རོང་ཟོམ་པཎྜི་ཏ་ཆེན་པོའི་ཞལ་ནས། འོ་སྐོལ་ལ་ད་ལྟ་རྒྱ་དཔེ་ཡོད་ན་འགྱུར་འདི་འདྲ་ཞིག་ཐོབ་པ་ཡིན་ཚུལ་གསུངས་པ། གོ་རུབ་ལོ་ཙཱ་བས་ཡིད་ལ་བཟུང་ནས་ཕྱིས་ཇོ་བོ་ཀྲྀཥྞ་ཞེས་བྱ་བའི་པཎྜི་ཏ་ལས་རྒྱ་དཔེ་བྱུང་བ་གཟིགས་ཤིང་དེ་ལས་མཉན་པས། རོང་ཟོམ་ཆེན་པོས་ཇི་སྐད་གསུངས་པ་བཞིན་བྱུང་བས་ཤིན་ཏུ་གུས་པ་ཐོབ་ཅིང་། རྒྱ་དཔེ་རོང་ཟོམ་པའི་ཕྱག་ཏུ་ཕུལ་ནས་རྒྱུད་ལ་འགྱུར་བཅོས་མཛད་ཅིང་སླར་ཡང་བཤད་པ་གསན། ལོ་རྒྱུས་འདི་དག་ངོར་ཆེན་གྱི་སྤྱོད་རྒྱུད་རྣམ་བཞག་དུ་ཡང་གསུངས། རོང་ཟོམ་པའི་ངོ་མཚར་ལོ་རྒྱུས་དུ་མ་གསར་མའི་ལོ་ཙཱ་བ་དག་གི་གསུངས་པ་རྣམས་ནའང་སྣང་། མར་པ་ཆོས་ཀྱི་དབང་ཕྱུག་སོགས་བོད་ཀྱི་ལོ་ཙཱ་བ་དང་མཁས་པར་གྲགས་པའི་བློ་ལྡན་མཐའ་དག་གིས་ཞབས་ལ་བཏུད་ཅིང་མཁས་པའི་རྣམ་ཐར་རྩོད་མེད་དུ་ཡོངས་སུ་གྲགས། དེང་སང་ཡང་འདིའི་བསྟན་བཅོས་ཆེ་ཕྲ་གང་ཡང་། རང་ལ་བློ་མིག་ཡོད་པ་སུས་བལྟས་ཀྱང་འགྲན་ཟླ་མེད་པའི་ཡིད་ཆེས་སྐྱེ་བ་ལ་བསྙོན་དུ་མེད། དེའི་ཕྱིར་བོད་གངས་ཅན་ན་འདི་དང་མཚུངས་པའི་མཁས་པ་ནི་སུ་ཡང་མ་བྱུང་། ཞེས་འགོས་ལོ་ཆེན་པོ་སོགས་ཀྱིས་བསྔགས་ཤིང་ཡོངས་སུ་གྲགས་པའོ། ། དེ་ལྟར་སུས་ཀྱང་འགྲན་དུ་མེད་པའི་སྨྲ་བའི་དབང་ཕྱུག་ཆེན་པོའི་གོ་འཕང་ཐོབ་ཀྱང་། བདག་བསྟོད་དང་ཁེངས་པའི་རྣམ་པ་ཆ་ཙམ་ཡང་མི་མངའ་བར་དམན་ས་འཛིན་ཅིང་། ཞི་དུལ་གྱི་སྤྱོད་ལམ་སྐྱོང་བ་སློབ་དཔོན་ཞི་བ་ལྷའི་ངང་ཚུལ་ལ་གནས་ཤིང་། གཞན་ལ་གནོད་སེམས་དང་ཁྱད་གསོད་མེད་པར་ཤིན་ཏུ་བྱམས་ཤིང་བཟོད་པའི་སྟོབས་དང་ལྡན་པའི་ཕྱིར། བདག་ཉིད་ཆེན་པོ་འདིས་ཆོས་ལམ་ལ་ཞུགས་པ་དག་ལ་ཆོས་ཀྱི་སྦྱིན་པ་དང་། ཕལ་པ་དག་ལ་ཟང་ཟིང་གི་སྦྱིན་པ་སེར་སྣས་མ་གོས་པའི་གཏོང་བ་ལྷུག་པར་མཛད་ཅིང་། གདུལ་བྱ་མཐའ་དག་སྙིང་རྗེ་ཆེན་པོས་ཡལ་བར་མི་འདོར་བའི་བརྩོན་པ་དང་། སྲུང་སྡོམ་དང་ཐུགས་དམ་ནོར་བུ་རིན་པོ་ཆེ་དང་སྲོག་གི་དབང་པོ་ལྟར་གཅེས་སྤྲས་མཛད་ཅིང་། གཞན་ཡང་དེ་ལ་འགོད་པ་སོགས་དམ་པའི་རྣམ་ཐར་རྩོལ་མེད་ངང་གིས་གསལ་བ་དང་། བྲག་མེ་ལོང་གི་ངོས་ལྟ་བུ་མཐོ་ཞིང་ཡངས་ལ་གཟར་བར་བྱ་ལྟར་འཕུར་བ་དང་། བྲག་ལ་ཕུར་པ་བཏབ་པ། ནམ་མཁར་འཕུར་བ། བོད་ཀྱི་ལྷ་འདྲེ་རྣམས་ཀྱི་གནས་དང་སྤྱོད་པ་མཁྱེན་པ། གདུལ་བྱའི་རྒྱུད་མཁྱེན་པ་སོགས་ཐ་མལ་པ་རྣམས་ཀྱིས་ཡ་མཚན་དུ་བྱེད་ཅིང་གྲུབ་པའི་རྟགས་སུ་མངོན་པ་ཚད་མེད་པ་ཡོད་པར་དེ་དུས་ཀྱི་སྐྱེ་བོ་རྣམས་ལ་ཡོངས་སུ་གྲགས། བདག་ཉིད་ཆེན་པོ་འདི་བོད་གངས་ཅན་དུ་གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་ཆེད་དུ་རྟེན་སྔགས་པ་རྡོ་རྗེ་འཛིན་པ་ཆེན་པོའི་རྣམ་པར་བཞུགས་ཤིང་། དགུང་ལོ་བརྒྱ་དང་བཅུ་དགུར་བཞུགས་ཏེ་སྐུ་ལ་སྙུན་མེད་པར་གཤེགས། སྲས་བརྒྱུད་རྣམས་ཕྱི་དུས་བར་བྱོན་ཞིང་ཕུར་པའི་གྲུབ་པ་ཐོབ་པ་ཤ་སྟག་ཏུ་གྱུར། སློབ་བརྒྱུད་ནི་གོ་རུབ་ལོ་ཙཱ་བ། མར་པ་དོ་བ། འགོས་ལ་སོགས་པའི་ལོ་ཙཱ་བ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་སོགས་གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ། མ་ཅིག་ཞ་མའི་མིང་པོ་རྗེ་དགོན་ཕུ་བ་སོགས་སྒོམ་ཆེན་རྣལ་འབྱོར་དབང་པོ་བརྒྱ་དང་བརྒྱད་ཅུ། ཡོལ་ལྕགས་དགེ་བསྙེན་རྡོ་རྗེ་དབང་ཕྱུག་དང་། ཡང་ཁྱེད་བླ་མ་སོགས་གདུགས་ཐོགས་ལྔ་བརྒྱས་མཚོན་པའི་སློབ་ཚོགས་བྱུང་བར་བཤད། ཁྱད་པར་གསང་སྔགས་སྔ་འགྱུར་གྱི་ཆོས་བཀའ་པདྨ་འབྱུང་གནས། བི་མ་མི་ཏྲ། བཻ་རོ་ཙ་ན་སོགས་ཀྱི་གདམས་པ་ཐམས་ཅད་རོང་ཟོམ་ཆེན་པོ་ལ་འདུས་ཤིང་བཀའ་བབས་པས། ཉམས་ལེན་གྱི་གཙོ་བོ་སྔ་འགྱུར་པའི་ཆོས་ལ་མཛད། མ་གཤིན་ཕུར་པའི་བསྙེན་སྒྲུབ་མཐར་ཕྱིན། དེའི་མཐུས་བོད་ཡུལ་གྱི་སྡེ་བརྒྱད་ཀུན་ཀྱང་དབང་དུ་འདུས་ནས་སྲོག་སྙིང་ཕུལ། བོད་ཀྱི་ལྷ་འདྲེ་རྣམས་ཀྱི་སྲོག་སྙིང་དང་མཐུན་རྫས་སོགས་ཀྱི་གདམས་པ་སྣ་ཚོགས་མཛད། སྐྱེས་བུ་ཆེན་པོ་འདི་འཁྲུངས་པ་དང་། ཞི་བར་གཤེགས་པའི་ལོ་ཚིགས་མ་རྙེད་ནའང་། སྔར་བརྗོད་པ་ལྟར་ཇོ་བོ་རྗེ་དང་མཇལ་བ་དང་། འགོས་ལོ་ཙཱ་བ་སོགས་ཀྱིས་ཆོས་ཞུས་པ། མ་གཅིག་ཞ་མའི་མིང་པོ་རྗེ་དགོན་ཕུ་བས་ཀྱང་ལོ་བཅུ་གསུམ་ལོན་པའི་ཚེ། རོང་ཟོམ་ཞབས་ལ་ཐུག་ཟེར་བས། སྐུ་ཚེ་ཐོག་མཐའ་བར་གསུམ་དེ་དག་གི་དུས་ཙམ་ངེས་པར་ཡིན་སྣང་། སྐུ་ཚེའི་མཇུག་ལ་ཉིད་ཀྱི་སྲས་མོ་ཡེ་ཤེས་མཁའ་འགྲོ་མ་མི་ཡི་བུ་མོའི་ཚུལ་འཛིན་པ་ལེགས་སྦྱར་གྱི་སྐད་འབའ་ཞིག་སྨྲ་བ་དེ་ལ་རོང་ཟོམ་པ་ཉིད་ཀྱིས་ལེགས་སྦྱར་ཁོ་ནའི་སྐད་ཀྱིས་ཆོས་མང་པོ་གསུང་། བུ་མོ་དེ་དགུང་ལོ་བཅུ་དྲུག་བཞེས་དུས་རྡོ་ཁྲི་རྒྱབ་ཡོལ་མར་རྗེ་ཉིད་བཞུགས་ནས་རྒྱུད་བཤད་གནང་བའི་ཚེ། བུ་མོ་དེ་དངོས་སུ་འཕུར་ནས་མཁའ་སྤྱོད་དུ་སོང་། གསང་མཚལ་ཐིགས་པ་ཞིག་ཆོས་ཁྲིའི་མདུན་དུ་ལྷུང་བ་ལས་སྨན་སེ་བའི་སྡོང་པོ་མེ་ཏོག་སྣ་ལྔ་འཆར་བ་ཞིག་འཁྲུངས། དེའི་མེ་ཏོག་ལྔ་ཀ་མཐོང་བའི་མི་རྒན་གཉིས་ཙམ་སྣང་ཡང་། ད་ལྟ་ནི་དཀར་སེར་གཉིས་ལས་གཞན་མི་སྣང་། ཞེས། རོང་ཟོམ་པའི་རྟོགས་བརྗོད་ཡལ་འདབ་བཞི་པ་ཞེས་པ་དབུས་སྤར་དུ་འཁོད་པ་ལས་བཤད། མདོར་ན་རྗེ་འདི་ཉིད་ངེས་པར་འཕགས་ཆེན་གྱི་ས་ལ་བཞུགས་པའི་གང་ཟག་འགྲན་ཟླ་དང་བྲལ་བ་ཡིན་པས། འདིའི་མཁས་པ་དང་གྲུབ་པའི་རྣམ་ཐར་མཐའ་དག་ཕལ་བའི་བློས་དཔག་པར་མི་ནུས་མོད་ཀྱི། ཐུན་མོང་གི་ངོར་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བའི་མཁས་པའི་རྣམ་ཐར་རྩོད་མེད་ཡོངས་སུ་གྲགས་པའི་ཆ་ཤས་འདི་ཙམ་ཞིག་རྗེ་ཉིད་ཀྱི་དངོས་སློབ་ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག་གིས་བྲིས་པ་ལ་བརྟེན་ནས། འགོས་ལོ་ཆེན་པོའི་དེབ་སྔོན་དུ་བཀོད་པ་ལ་གཞི་བྱས། བོད་སྔ་རབས་པའི་མཁས་པ་དག་གི་གསུང་ལས་ཁོལ་བུར་བྱུང་བ་རེ་ཟུང་གིས་བརྒྱན་ཏེ་ཅུང་ཟད་བརྗོད་པ་ཡིན། མགོན་པོ་ཀླུས། དེ་བཞིན་གཤེགས་པ་སྤྲོས་འདས་ཤིང་། ། ཟད་པ་མེད་ལ་སྤྲོས་བྱེད་པ། ། སྤྲོས་པས་ཉམས་པ་དེ་ཀུན་གྱིས། ། དེ་བཞིན་གཤེགས་པ་མི་མཐོང་ངོ་། ། ཞེས་དང་། མདོ་ལས། གང་དག་ང་ལ་གཟུགས་སུ་མཐོང་། ། སོགས་ཀྱི་ལུང་དོན་ལྟར། དེ་བཞིན་གཤེགས་པའི་རང་བཞིན་གཏན་ལ་འབེབ་པ་ལ་རོང་ཟོམ་པ་ཆེན་པོའི་གསུང་དང་མཚུངས་པ་གཞན་མེད་པ་ཡིན་ནོ། ། ཞེས་མཁས་མཆོག་འཇུ་མི་ཕམ་པས་གསུངས། རོང་ཟོམ་པནྜི་ཏའི་འཁྲུངས་ཡུལ་སྣར་ལུང་རོང་ཞེས་པ་དེ་ནི། དེང་སང་གི་བོད་རང་སྐྱོང་ལྗོངས། གཞིས་ཀ་རྩེ་གྲོང་ཁྱེར། རིན་སྤུངས་རྫོང་། བདེ་སྐྱིད་གླིང་ཤང་ཁོངས་ཀྱི་སྣར་གྲོང་ཚོ་ཞེས་པ་དེ་ཡིན་ཞེས་ཐོས། སྣར་ཟེར་བ་དེ་དེང་སང་བདེ་གླིང་གྲོང་རྡལ་ཤར་རླུང་གྲོང་ཚོ་ལ་ཡོད། ཞེས་ཀྱང་ཐོས། འཁྲུངས་ལོ། 1042——འདས་ལོ། 1136 འཁྲུངས་འདས་ལོ་ཚིགས་འདི་ཨ་མེ་རུ་ཀའི་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲྭ་ཚིགས་ལས་འབྱུང་།