རོང་ཟོམ་ཆེན་པོ་

ཡོང་ཁུངས་Wikipedia

ད་ནི་ཀུན་མཁྱེན་རོང་ཀློང་གཉིས་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་རོང་ཟོམ་པ་ཆོས་ཀྱི་བཟང་པོའི་གཏམ་བརྗོད་པར་བྱ་སྟེ། འདི་ནི་སློབ་དཔོན་ཆེན་པོའི་དངོས་སློབ་ཚེ་ཡི་རིག་འཛིན་བརྙེས་པས། དགུང་ལོ་སུམ་བརྒྱ་བར་མི་ཡུལ་དུ་འགྲོ་དོན་མཛད་པའི་རོང་བན་དཔལ་གྱི་ཡོན་ཏན་གྱི་སྲས། རོང་བན་རིན་ཆེན་ཚུལ་ཁྲིམས་ཞེས་དགུང་ལོ་ཕྱེད་དང་ཉིས་བརྒྱར་བཞུགས་པའི་གྲུབ་ཐོབ་ཆེན་པོ་དེས། རྒྱུའི་དུས་ཀྱི་མངོན་བྱང་ལྔའི་ཆཽ་གས། ཕྱོགས་ཀྱི་གླང་པོའི་ཤེས་རབ། དབྱིག་གཉེན་ཞབས་ཀྱི་ཐོས་པ། ཙནྡྲ་གོ་མའི་བརྗོད་པ། ཆོས་ཀྱི་གྲགས་པའི་བརྒལ་བརྟག །སློབ་དཔོན་དཔའ་བོའི་རྩོམ་པ་སྟེ་ཕུན་སུམ་ཚོགས་པ་ལྔའི་ངོ་བོར་བྱང་ཆུབ་པའི་སྐྱེ་བའི་མྱུ་གུ་གཙང་རུ་ལག་གི་སའི་ཆ་སྣར་ལུང་རོང་དུ་བཟུང༌། པཎྜི་ཏ་སྨྲྀ་ཏི་དང༌། ཕྲ་ལ་རིང་མོའི་སྐྱེ་བར་ངོས་འཛིན། བྱིས་པའི་དུས་ཨ་ཙ་ར་བྱུང་ཚད་ལ་དགྱེས༌། སཾ་ཀྲྀ་ཏིའི་སྐད་མ་འབད་པར་མཁྱེན། སྐུ་གཞོན་ནུས་ནས་ལྷུན་གྱིས་གྲུབ་པའི་ཤེས་རབ་ཆེན་པོ་མངའ་བས་ཉང་སྨད་དུ་མགར་སྟོན་ཚུལ་ཁྲིམས་བཟང་པོ་ལས་གསན་སྦྱོང་མཛད། དེར་ཡབ་རྒྱགས་སྐྱེལ་དུ་བྱོན་པར་མཆེད་གྲོགས་དག་གིས། ཁྱོད་ཀྱི་བུ་འདི་བློ་བྲེད། ཐོ་ཅོ་ཆེ་བས་ངེད་ཅག་སུན་པར་བྱེད་ན་ད་རེས་ཕར་ཁྲིད་པ་འཐད་ཟེར། དེ་ཡབ་ཀྱིས་སློབ་དཔོན་ལ་གསོལ་ནས་ཁྲིད་དམ་ཞུས་པས། ཁྱོད་དེ་སྐད་མ་ཟེར། ཆོས་ཐམས་ཅད་ཁོས་གོ་ནས་ཡོད་གསུངས། དགུང་ལོ་བཅུ་གཅིག་པར་མཚན་ཉིད་གསན།ཆོས་བར་དུ་བྱིས་པའི་རྩེ་སར་ཡང་སློབ་དཔོན་གྱི་གསུངས་ཚད་ཤར་རེ་འོང་བས། ཆོས་ཐམས་ཅད་ཚར་རེ་གསན་པ་ཁོ་ནས་ཚིག་གཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་པས་འཇམ་དཔལ་གྱི་སྤྲུལ་པར་གྲགས། བཅུ་གསུམ་ལོན་ཚེ་གསན་པ་རྫོགས་པ་དང་འདྲ་བར་བྱུང་ཞིང༌། ཤེས་བྱ་ཐམས་ཅད་ལ་མ་རྨོངས་པར་གྱུར། ཉིད་ཀྱི་ཞལ་ནས་ཀྱང༌། བདག་ཐོས་པ་ཆུང་བའང་མ་ཡིན་ཏེ། ཆོས་ཐམས་ཅད་མ་ཐོས་པ་མེད་དོ། །ཐོས་པ་ཆེ་བའང་མ་ཡིན་ཏེ་ཆོས་ཐམས་ཅད་ཚར་རེ་ལས་མ་ཐོས་སོ་གསུངས་སྐད། སྐྱེས་བུ་ཆེན་པོ་འདི་ནི་ཤེས་རབ་མྱུར་ལ་ཟབ་པ། རྒྱ་ཆེ་ལ་དྲི་མ་དང་བྲལ་བའི་སྤོབས་པ་མཆོག་ཏུ་དགེ་བས་རྒྱུད་དང་བསྟན་བཅོས་ལ་སོགས་པའི་རྒྱ་གཞུང་བརླིང་པོ་སྔར་མ་གཟིགས་པ་མཐའ་དག་ཚར་རེ་རེའམ་གཉིས་ཚུན་ཆད་གཟིགས་པས་ཚིག་དང་དོན་གྱི་ཆ་མཐའ་དག་ཐུགས་ལ་ཟིན་ཅིང་གཙུག་ལག་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་རྣོ་བས། སྒྲ་དང་རྟོག་གེ་དང༌། སྙན་ངག་དང༌། སྡེབ་སྦྱོར་དང༌། དོན་དུ་འགྱུར་བའི་ཚིགས་བཅད་སོགས་བོད་དུ་འགྱུར་བའི་གཞུང་ཉི་ཚེ་བ་རེ་གཉིས་ལ་མ་ལྟོས་པར་དེ་ཉིད་སྟོན་པའི་གཞུང་ལུགས་རྒྱ་ཆེན་པོ་མང་པོའི་དོན་མཁྱེན། སྐད་ཀྱི་རིགས་ཐམས་ཅད་ལ་མ་རྨོངས་ཤིང་ཐ་ན་དུད་འགྲོའི་སྐད་དང་བརྡ་ཡི་རིམ་པའང་མཁྱེན་པར་གྲགས། བསྟན་བཅོས་བརྩམས་པ་ན་གླེགས་བམ་བསྡུ་ཞིང་གཟིགས་པ་སོགས་རྟོག་དཔྱོད་ཀྱི་སྒྲོ་འདོགས་མི་དགོས་པར། ཆོས་ཀྱི་ཚིག་དོན་ལ་ཐོགས་རྡུགས་མེད་པར་འཇུག་པའི་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་ཞིང༌། བསྟན་བཅོས་རྣམས་ཀྱང་དོན་བཟང་པོ། ཚིག་འབྲུ་བཟང་པོ། བརྗོད་པ་མ་འདྲེས་པ་ཤ་སྟག་འབྱུང་བས་ལེགས་པར་གསུངས་པའི་བཀའ་དང་རྗེས་སུ་མཐུན་པས་མཁས་པར་གྲགས་པས་གང་གིས་ཀྱང་རྩོད་མི་ནུས། དེས་མཛད་པའི་གསང་སྔགས་ཀྱི་མན་ངག་རྣམས་ལ་སློབ་པའི་རྒྱུད་དུ་བྱུང་བའི་གང་ཟག ལུང་མ་ཐོབ་ཀྱང་ཡི་གེ་ལས་བྱུང་བ་བཞིན་སྦྱར་བ་ལས་བྱིན་རླབས་མ་བྱུང་བ་མེད་པས་བདེ་བར་གཤེགས་པའི་སྤྲུལ་པར་ཡང་གླེང༌། དུས་དེ་ཙམ་ན་རྒྱ་གར་ཤར་ནུབ་གཉིས་ན་འགྲན་ཟླ་དང་བྲལ་བ་ཤྲཱི་ནཱ་ལེནྡྲའི་མཁན་པོ་ཇོ་བོ་ཨ་ཏི་ཤས་ཀྱང༌། འདི་རྒྱ་གར་གྱི་ཨཱ་ཙཱརྱ་ནག་པོ་སྤྱོད་པ་ཚེ་འཕོས་མ་ཐག་པ་དེ་ཡིན་པས། ཁོ་བོས་ཆོས་གཏམ་ག་ལ་སྤོབས་ཤེས་རྩོད་མེད་དུ་གྲགས་པར་གསུངས། སྤྱིར་བླ་མ་མང་པོ་མདོ་སྔགས་སོ་སོའི་རྒྱུད་པ་བྲེང་ཆགས་མཐུད་པ་ཙམ་ཡོད་མོད་ཀྱི། ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་སྐོར་ལས། སློབ་དཔོན་པདྨའི་གདམས་པ་རྣམས་ནི་སྣ་ནམ་རྡོ་རྗེ་བདུད་འཇོམས། མཁར་ཆེན་དཔལ་གྱི་དབང་ཕྱུག ངོམ་ཨ་ཙར་དཔལ་མེ་ཏོག སྒྲོ་རྡོ་རྗེ་གཞོན་ནུ། ཞང་ཞུང་ཡོན་ཏན་གྲགས། རོང་བན་ཡོན་ཏན། རོང་བན་ཚུལ་ཁྲིམས་རིན་ཆེན་ལས་ཉིད་ཀྱིས་གསན་ནོ། །བཻ་རོ་ཙ་ནའི་མན་ངག་རྣམས། གཡུ་སྒྲ། བླ་ཆེན་དགོངས་པ་གསལ། གྲུམ་ཤིང་གླག་ཅན། གནུབས་དཔའ་བརྟན། ཡ་ཟི་བོན་སྟོན། དེས་ཀུན་མཁྱེན་རོང་ཟོམ་ལ་བཤད་དེ་སེམས་སྡེའི་བརྒྱུད་པ་གཅིག་གོ །ཡང་ཀློང་ཐང་སྒྲོལ་མར་ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བའི་གྲུབ་པའི་སྐྱེས་བུ་གཅིག་བྱུང་སྟེ།དེ་ལ་རྒྱ་གར་མཁས་པ་བདུན་བརྒྱུད་དང༌། རྒྱ་ཡི་སློབ་དཔོན་བདུན་བརྒྱུད་ཀྱི་གདམས་པ་མངའ་ཞིང༌། དེས་ཅོག་རོ་ཟངས་དཀར་མཛོད་ཁུར་དང༌། ཡ་ཟི་བོན་སྟོན། དེས་ཉིད་ལའོ། ། འདི་ལ་རྫོགས་ཆེན་ཁམས་ལུགས་ཞེས་ཟེར། ཡང་བི་མས་ཉང་བན་ལ་གསུངས་པ་དང༌། རྨ་གཉགས་གཉིས་ལ་གསུངས་པའི་མན་ངག་ཀྱང༌། ཁུ་བྱང་ཆུབ་འོད། ཁྱུང་པོར་དབྱིག་འོད་ལ་བརྒྱུད་ནས་རིམ་གྱིས་རོང་ཟོམ་པ་ལ་མངའ་བས་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་བདག་པོ་འགྲན་ཟླ་སྤངས་པ་ཞིག་སྟེ་འདི་ཉིད་ལའང་བསྟན་པའི་ཆུ་མགོ་གཅིག་གནས་སོ།འདིས་རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཝརྨ་དང༌། བུདྡྷ་ཨཱ་ཀ་ར་བྷ་དྲ་དང༌། ཨ་མོ་གྷ་བཛྲ་སོགས་པཎྜི་ཏ་མང་པོའི་ལོ་ཙཱ་མཛད་ནས་ཆོས་མང་དུ་བསྒྱུར། འགྱུར་ཤིན་ཏུ་བཟང་བས་གསར་འགྱུར་གྱི་དཔེར་འོས། པཎྜི་ཏ་ཀུན་ན་རེ། དྷརྨ་བྷ་དྲ་ཁྱོད་ཀྱི་ཆོས་མང་པོ་རྩོམས་ལ་འགྲོ་བ་རྣམས་སྐྱཽངས་ཤིག ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་ལས་མི་ཤེས་པས་ཀྱང་ངེད་རྒྱ་གར་ནས་ཆོས་རྩོམ་ན་ཁྱོད་ཀྱི་ཅིའི་ཕྱིར་མི་བརྩམ་གསུངས། སྔོན་སྐུ་ན་ཆུང་དུས་མདོ་སྟོན་སེངྒེ་རྒྱལ་མཚན་ལས་སྔ་འགྱུར་གསན་སྐབས་མནལ་ལམ་དུ། གསང་བ་སྙིང་པོས་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱི་ཚོད་མ་བྱས་ནས་གསོལ་བ་རྨིས། དེ་སློབ་དཔོན་ལ་ཞུས་པས། ཤིན་ཏུ་ངོ་མཚར་ཆེ། ཆོས་ཐམས་ཅད་ཁོང་དུ་ཆུད་པའི་རྟགས་ཡིན། ཁྱོད་ཀྱི་འགྲེལ་བ་རེ་གྱིས་གསུངས་པས། བླ་མའི་དགོངས་པ་རྫོགས་སླད། བསླབ་པ་གསུམ་ལ་ལྟོས་པའི་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་བསླབ་པའི་དོན་གྱི་ངེས་བརྗོད་དམ་ཚིག་མདོ་རྒྱས། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་སྟོན་པའི་འགྲེལ་བ་ཚུལ་འདི་ལ་མཆོད་བརྗོད་ཀྱི་ཚིག་ལས་མཚན་དཀོན་མཆོག་འགྲེལ་ཡང་ཟེར་མཆན་བཞི་ཡན་ལག་བཅོ་ལྔ་པ། ལྷག་པ་ཤེས་རབ་གྱི་བསླབ་པ་སྟོན་པ་རྫོགས་ཆེན་ལྟ་སྒོམ་མན་ངག སངས་རྒྱས་མཉམ་སྦྱོར། ངན་སོང་སྦྱོང་རྒྱུད། འཇིགས་བྱེད་སྨྲ་སྒོ་ལ་སོགས་པའི་འགྲེལ་པ་མང་པོ། དེ་དག་གི་ནང་ནས་ཀྱང་ཐེག་ཆེན་ཚུལ་ལ་འཇུག་པའི་བསྟན་བཅོས་སོགས་གཞུང་གཏིང་ཟབ་ལ་གོ་དོན་སློང་ཆེ་བ་བརྗོད་ཀྱིས་མི་ལང་བ་དང༌། མདོར་ན་མདོ་རྒྱུད་བསྟན་བཅོས་ཀྱི་བྱེ་བྲག་ལ་ཐུགས་སུ་མི་ཆུད་པ་བྱ་བ་ཤེས་བྱ་ལ་སྲིད་པར་མ་གྱུར་པས་ཐམས་ཅད་མཁྱེན་པའི་གནས་ལ་རང་གིར་མཛོད་དེ་ཐ་ན་འཇིག་རྟེན་པའི་ཞིང་ལས་དང་ཕྱུགས་སྐྱོང་བ་དང༌། དཀར་ཤེ་ཇི་ལྟར་སྒྲུབ་པ་ཚུན་གྱི་བསྟན་བཅོས་མཛད་པས། ཤབ་ཀྱི་ཡང་ཁྱེད་བླ་མ། མར་པ་དོ་བོ། འུ་ཡུག་པ་མདའ་སྟོན། མདོའི་ཁྱུང་པོ་ཧཱུྃ་སྙིང༌། སེ་ཁྲོམ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ། སྦང་ཀ་དར་ཆུང༌། འགོས་ལྷས་བཙས། རྒྱ་རྒྱ་ཚུལ་སོགས་བོད་རུ་བཞིའི་མཁས་པ་ཀུན་གྱི་དཔྱད་གདགས་པ་དང༌། རྩོད་པའི་བྱ་བ་ལ་མངོན་པར་ལྷགས་པས། ལུང་གི་འཐད་པ་དང་རིགས་པས་དཔྱད་བཟོད་པ་དང་གཏན་ཚིགས་དང་བླ་མས་ཉེ་བར་བསྟན་པ་དང་མི་འགལ་ཞིང༌། སྒྲ་སྐྱོན་དང་དོན་སྐྱོན་ལ་སོགས་པ་འགལ་ཟླའི་ཕྱོགས་ཐམས་ཅད་རྣམ་པར་སྤངས་པའི་མཁྱེན་རབ་ཀྱི་སྤཽབས་པས་ཚར་བཅད། བསྟན་བཅོས་རེ་མཐོང་ཞིང་དེའི་ཚིག་དོན་ལ་རོ་མྱོངས་བས་ཐམས་ཅད་ངོ་མཚར་སྐྱེས་ནས། བསྟི་སྟང་དང་རི་མོར་མཛད་ནས་བླ་མར་ཁུར་བ་ཤ་སྟག་ཡིན་པར་གྲགས། དེ་སྐད་དུ། གོ་རུབ་ལོ་ཙཱ་བ་ཞེས་མང་དུ་ཐོས་པའི་གཟུངས་འཛིན་པ་དེས་ཀྱང་དང་པོར་དཔྱས་འདོགས། བར་དུ་ཐེག་ཆེན་ཚུལ་འཇུག་གི་གླེགས་བམ་དེ་གཟིགས་པས་གུས་པ་ཆེན་པོ་སྐྱེས། ཐ་མ་ཟང་ཟིང་མང་པོའི་བསྙེན་བཀུར་དང་བཅས་ཉེས་པ་བཤགས་ཤིང་རྗེས་སུ་བཟུང་བར་གསོལ་བ་བཏབ། འཇམ་དཔལ་གསང་རྒྱུད་སོགས་ཆོས་མང་དུ་གསན། གསང་རྒྱུད་སྐབས། འོ་སྐོལ་ལ་རྒྱ་དཔེ་ཡོད་ན་འདི་ལྟར་འགྱུར་བ་ཡིན་ཏེ། རྒྱ་དཔེ་མེད་པས་ད་ལྟ་བཅོས་སུ་མེད་གསུངས་པ་རྣམས་གོ་རུབ་པས་བློ་ལ་བཟུང་སྟེ། ཕྱིས་ཇོ་བོ་ཀྲྀཥྞ་ལས་དཔེ་བྱུང་ནས་དེ་ལ་མཉན་པས་རོང་ཟོམ་པཎྜི་ཏའི་གསུངས་ཇི་ལྟ་བར་བྱུང་བས་ཤིན་ཏུ་ཡང་མོས་པ་ཐོབ་སྟེ། ཀྲིཥྞའི་རྒྱ་དཔེ་རོང་པར་ཕུལ་ནས་སླར་གསན་སྐད། གྲུབ་པའི་རྣམ་ཐར་ལ་གཞལ་ན། བྲག་ཆེན་གཟར་པོ་མེ་ལོང་ལྟ་བུའི་ངོས་ལ་རྫུ་འཕྲུལ་གྱི་སྤྱོད་པས་གཤེགས་པ་དང༌། བྲག་ལ་ཕུར་པ་འདེབས་པ། ནམ་མཁའ་ལ་འཕུར་བ། ལྷ་འདྲེ་རྣམས་བྲན་དུ་ཁོལ་བ། མངོན་པར་ཤེས་པ་རྒྱ་མཚོ་ལྟ་བུ་ལ་དབང་བསྒྱུར་པ་སོགས་མང་དུ་ཡོད་མོད་ཀྱི། འདི་ལྟ་བུའི་ལྟ་བ་མཆོག་ཏུ་གྱུར་ཅིང༌། སོ་སོ་ཡང་དག་རིག་བཞིའི་ས་ཐོབ་པ་དག་ལ་སྐྱེ་བོ་ཕལ་པ་ཡིད་བརྟན་པར་བྱེད་པའི་མངོན་རྟགས་གྱི་ན་བ་ཡི་གེའི་ལམ་དུ་འདྲེན་པ་ངོ་མཚར་བ་མ་ཡིན་ནོ། །དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཡང༌། བདག་བསྟོད་ལ་སོགས་པའི་དྲི་མ་དང་བྲལ་ཅིང༌། གཞན་གྱི་ཆོས་ལུགས་དང་སྤྱོད་པ་དམན་ཡང་དོན་དུ་འགྱུར་ན་མ་གཏོགས་ཁྱད་གསོད་དང་ངག་རྩུབ་གཏན་ནས་མི་གསུངས། ཆོས་ལ་མོས་པ་དང་ཆོས་ཀྱི་གང་ཟག་དང༌། ཁྱད་པར་རྡོ་རྗེ་ཐེགས་པ་ལ་ཞུགས་ནས་གསང་སྔགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པར་འདོད་པ་དག་ལ་ཕན་གདགས་པའི་ཐུགས་དགོངས་ཟབ་མོ་མངའ་བས་ཕྱིན་ཅི་མ་ལོག་པའི་གདམས་པ་ནན་ཏན་དུ་འདོམས་ཤིང་ཕན་འདོགས་པར་མཛད། མངོན་པར་ཤེས་པ་དང་ལྡན་པས་གདུལ་བྱ་འདུལ་བའི་དུས་དང་ཚད་ལ་མཁས་པས་འགྲོ་བ་ཕལ་པ་རྣམས་བློ་བསྒྱུར་ཞིང༌། ཆོས་ལ་གནས་པ་རྣམས་དེའི་འགལ་ཟླར་གྱུར་པ་ལས་བློ་ལྡོག་པའི་ཕྱིར། འབྱར་ཞིང་འགྲིགས་པའི་བསྟན་བཅོས་ཞལ་སྒོ་ལས་ཕྱུང་སྟེ་ཕན་འདོགས་པ་ལ་རྟག་ཏུ་སྐྱོ་བ་མི་མངའ། ཆོས་ཀྱིས་བློ་མ་བསྒྱུར་པའི་ཐ་མལ་པ་ལའང༌། ཟང་ཟིང་གི་སྦྱིན་པས་རེ་བ་སྐོང་བ་དང༌། ལོག་སྒྲུབ་བཟོད་པས་སྙིང་རྗེའི་ཡུལ་དུ་མཛད་ནས་ཞི་བདེ་ལ་འགོད། སྡོམ་པའི་གནས་དང་ཐུགས་དམ་ལ་སྲོག་གི་དབང་པོ་ལྟར་གཅེས་སྤྲས་མཛད་ཅིང་གཞན་ཡང་དེ་ལ་འགོད་པ་སོགས་སྒོ་དུ་མ་ནས་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་མཛད་པའི་རྣམ་ཐར་རྨད་དུ་བྱུང་བ་དང་ལྡན་ཞིང་སྤྲུལ་པའི་སྐུར་རྩོད་པ་དང་བྲལ་བའི་པཎྜི་ཏ་ཆེན་པོ་དེ་ལ་གནས་སྐབས་དེ་ཙམ་ན་བྱོན་པའི་མཁས་པ་ཐམས་ཅད་ཀྱིས་མངོན་པར་བསྟོད་ཅིང་སྤྱི་བོས་བཏུད་པར་གྱུར་ལ། དགུང་ལོ་བརྒྱ་དང་བཅུ་དགུ་བཞུགས་ཏེ་བསྙུན་མེད་པར་གཤེགས་པར་གྲགས། བོད་གངས་ཅན་གྱི་ལྗོངས་འདིར་འདི་དང་མཉམ་པ་ནི་སུ་ཡང་མ་བྱུང་ངོ་ཞེས་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་ཀྱང་བསྔགས་ཤིང་ཡོངས་སུ་གྲགས་སོ། །༼ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་ལས་དྲངས།༽