རོང་བོ་བླ་མ་ཆོས་པ་རིན་པོ་ཆེ་

ཡོང་ཁུངས་Wikipedia

རོང་བོ་བླ་མ་གྲུབ་ཆེན་ཆོས་པ་རིན་པོ་ཆེ་ནི་རོང་ཆེན་མདོ་སྡེ་འབུམ་གྱི་རྒྱུད་རོང་བོ་མཁར་འབུམ་རྒྱལ་ལ་འབྱུང་འགྱུར་མངོན་པར་མཁྱེན་པ་ཞིག་གིས་སྲས་འགྲན་ཟླ་དང་བྲལ་བ་གསུམ་འཁྲུངས་པར་ལུང་བསྟན་པ་ལས་རྗེ་འདི་གཉིས་པའི་ཚུལ་དུ་རབ་བྱུང་བཅུ་བའི་ལྕགས་སྤྲུལ་སྤྱི་ལོ༡༥༨༡ལ་ཡབ་དེ་དང་ཡུམ་གླིང་རྒྱ་བཟའ་མཁར་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།ཆུང་དུས་ནས་ཡིག་གཟུགས་སྣ་ཚོགས་ཀྱི་འབྲི་ཀློག བྲིས་འབུར་གྱི་བཟོ་རྩལ། གཞུང་ཆེན་མོ་ཐུགས་འཛིན།ཉམས་ལེན་སོགས་གཞན་གྱིས་མཚོན་ནུས་མིན་པ་ཞིག་ཡིན། དགུང་ལོ་བཅུ་བཞིའི་སྟེང་འདུལ་འཛིན་ཆེན་མོ་ཆོས་རྗེ་བསམ་འགྲུབ་རིན་ཆེན་ལས་རབ་ཏུ་བྱུང་།དགུང་ལོ་ཉི་ཤུ་བར་ཅོ་ནེ་སངས་རྒྱས་རྒྱ་མཚོ་ལས་བསྙེན་པར་རྫོགས།པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་རྒྱན་དང་།པད་དཀར་འཛིན་པ་ཡོན་ཏན་རྒྱ་མཚོ།གོང་ས་ལྔ་བ་ཆེན་པོ།སྟག་ལུང་འབྲུག་པ་ཆོས་རྗེ།ཁྲི་ཆེན་བློ་གྲོས་རྒྱ་མཚོ་སོགས་དབང་ལུང་མན་ངག་ཁྲིད་ཀྱི་བླ་མ་བཞི་བཅུ་རྩ་ལྔའི་ཞབས་ལ་གཏུགས་ཏེ་རྒྱུད་སྡེ་རྣམས་ཀྱི་དབང་དང་རྗེས་གནང་།བཀའ་དང་བསྟན་བཅོས་སོགས་རྒྱ་བོད་ཀྱི་ལེགས་པར་བཤད་པ་རྣམས་ཀྱི་ལུང་ཁྲིད་མན་ངག་རྒྱས་བཤད་སོགས་མ་ཚང་བ་མེད་པར་ཐུགས་ཀྱི་བང་མཛོད་དུ་བསྐྱིལ།དགུང་ལོ་ཉེར་བཞིའི་སྟེང་དབུས་སུ་བྱོན་ནས་རྭ་སྟོད་ཆོས་གྲྭར་ཞུགས་ཏེ་མདོ་ཕྱོགས་ལ་སྦྱངས།དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་སྡེའི་གཞུང་ལ་སྦྱངས།དབུས་གཙང་ལ་ལན་གཉིས་པ་ཕེབས་སྐབས་ཀྱང་སྔར་ལས་ལྷག་པའི་སྒོ་ནས་ཆོས་སྒོ་མང་བོར་ཞུགས་ཏེ་སྦྱང་བ་ཕུལ་དུ་ཕྱིན་པ་གནང་།ཕྱིར་ཕེབས་ནས་ཀྱང་སེམས་དཔའ་ཆེན་པོ་ཆོས་རྒྱ་མཚོ་དང་བསྟན་འཛིན་བློ་བཟང་རྒྱ་མཚོ་གཉིས་ཀྱི་དྲུང་ནས་སྔར་སྦྱང་པའི་བསྡུས་སྦྱོར་ནས་བཟུང་སྟེ་དཔལ་ལྡན་དུས་ཀྱི་འཁོར་ལོའི་སྟོང་གཟུགས་ཀྱི་བར་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་ཞིབ་ཅིང་དཔྱད་པའི་སྒོས་དོགས་མེད་དུ་མཁྱེན་པར་མཛད།


རབ་ཏུ་བྱུང་བ་ནས་བཟུང་སྟེ།ཕྱི་དྲོའི་ཁ་ཟས་དང་།ཕུ་དུང་དང་སློག་པ་གྱོན་པ།ཆབ་ལེན་ལྷམ་འབུད་ཡན་ཆད་ཀྱི་ཉེས་ལྟུང་ཕྲ་མོ་མཐའ་དག་དྲན་ཤེས་བག་ཡོད་ཀྱིས་བསྲུངས་པ་ཡིན་ཞེས་ཁོང་གིས་གསུངས་ལ། དབུས་སུ་ཕེབས་སྐབས་དགའ་ལྡན་ཁྲི་ཆེན་ཆོས་རྗེ་བློ་གྲོས་རྒྱ་མཚོ་ནས་ཐུགས་དམ་གྱི་རྟེན་གཙོ་རྗེ་རིན་པོ་ཆེའི་གསེར་སྐུ་ཞིག་འདི་བར་གནང་སྟེ་ཞལ་ནས།སྐུ་འདི་རྟེན་མཛོད་ལ། རྗེ་བླ་མ་ཙོང་ཁ་བ་དང་ངེད་དབྱེར་མེད་ཡིན་པ་དེ་མཁྱེན་པར་གྱིས་ལ་མཆོད་པ་ཕུལ།ངེད་ཀྱི་སློབ་མའི་ཁྲོད་ན་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་པ་ལ་ཁྱོད་ལས་ལྷག་པ་སུ་ཡང་མེད་པས།སྐུ་བརྙན་འདི་བསྣམས་ནས་ཇི་སྲིད་འཚོའི་བར་དུ་ཚུལ་ཁྲིམས་སྔར་ལྟར་སྲུངས། ཞེས་གསུངས་པ་ལས་ཀྱང་ཤེས་སླ།ཁྱད་པར་རྗེ་འདིའི་དྲུང་ནས་འདུས་པའི་རིམ་ལྔའི་དམར་ཁྲིད་ཐོབ་པས་ཉམས་རྟོགས་སྔོན་མེད་འཁྲུངས་པར་གསུངས།ལང་ཀྲོའི་སྡེ་བཞི་ཚུན་གྱི་གནས་གང་དབེན་ཐམས་ཅད་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས།བཀྲ་ཤིས་འཁྱིལ་གཙོར་བྱས་པའི་བྲག་དཀར་རི་ཁྲོད། བྱ་ཁྱུང་ཨ་ར་པ་ཙའི་སྒྲུབ་ཁང་། དན་ཏིག་ཡང་ཏིག གཉའ་གོང་བྲག་དཀར་སོགས་དབེན་གནས་བརྒྱ་ཕྲག་མང་བོར་ཟས་གོས་ཀྱི་འཁྲི་བ་བཅད་ནས་ཆུ་དང་རྡོ་ཡི་བཅུད་ལེན་འབའ་ཞིག་གི་ཟས་དང་།གཏུམ་མོའི་གོས་སོགས་བསྟེན་ཏེ་དཀའ་ཐུབ་མཛད་པས་སྐུ་ཚེ་དང་སྒྲུབ་པ་སྙོམས་པར་མཛད་དེ་དགེ་འདུན་གྱི་རྫས་ཞལ་དུ་མི་བཞེས་པའི་དམ་བཅའ་གནང་ནས་གར་བཞུགས་ཀྱི་གཏམ་ཡང་མི་ཐོས་པར་སྤྲོས་བཅས་སྤྲོས་མེད་ཀྱི་ཏིང་འཛིན་ཤ་སྟག་ཏུ་རོལ་བ་ལ།རྒྱལ་སྲས་རིན་པོ་ཆེས།ཚེ་ཧྲིལ་བོར་དཀའ་ཐུབ་བཅུད་ལེན་མཛད།གཞོན་དུས་ནས་བཟུང་སྟེ་ཉམས་རྟོགས་ཀྱི་ཡོན་ཏན་སྦ་མ་ནུས་པའི་རྟགས་མང་བོ་བྱུང་བ་རྣམས་འདིར་མངས་ཀྱིས་དོགས་ལ།རབ་ཏུ་བྱུང་བའི་ལོ་དེ་གར་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་ལ་གཟིགས་པས་ཐུགས་མོས་འཁྲུངས་པ་ན་ཟླ་བའི་རྒྱབ་ཡོལ་ཅན་གྱི་བཞད་པའི་རྡོ་རྗེ་མགུར་དབྱངས་འཐེན་བཞིན་པ་དངོས་སུ་གཟིགས།


སེམས་དཔའ་ཆེན་པོ་ཆོས་རྒྱ་མཚོ་ནས།རྗེ་འདི་ཉིད་ཀྱིས་བསྟན་འགྲོའི་མཛད་པ་དང་། དགོན་སྡེ་ཚུགས་རྒྱུའི་སྐོར་དང་།ཡི་དམ་གྱི་གཙོ་བོ་རྗེ་བཙུན་འཇམ་པའི་དབྱངས་གནང་དགོས་ཚུལ།སྐུ་ཚེའི་བཞུགས་ཚད་སོགས་ཀྱི་ལུང་བསྟན་རྣམས་རྗེས་སུ་ཇི་ལྟ་བ་བཞིན་དུ་བྱུང་།སངས་རྒྱས་བྱང་སེམས་མང་བོ་དང་།ཁྱད་པར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་རྒྱུན་དུ་གཟིགས།དགོན་ཆེན་དུ་བླ་མ་ཉིད་ཀྱི་ཕྱག་བཟོ་རྗེ་བཙུན་འཇམ་དབྱངས་ཀུན་གཟིགས་ཆེན་མོ་རྟེན་བརྟེན་པ་གསར་བཞེངས་མཛད་པ་ཀུན་མཁྱེན་ཆོས་རྒྱ་མཚོས་སྤྱན་དབྱེ་མཛད་པར་ཡེ་ཤེས་པ་མངོན་སུམ་དུ་ཞུགས་ཤིང་ལྟས་ངོ་མཚར་བ་མང་བོ་བྱུང་ལ།རྗེས་སོར་བླ་མ་ཉིད་ཀྱི་སྐུ་གདུང་ཕེབས་སྐབས་ཞལ་བསྒྱུར་གནང་བ་ཡིན།དབེན་གནས་བཀྲ་ཤིས་འཁྱིལ་བར་ཕྱག་བཟོ་ངོ་མ་རྗེ་བཙུན་བྱམས་མགོན་མཐོང་བ་དོན་ལྡན་གྱི་ཕོ་བྲང་བྱིན་རྟེན་གྱིས་བྱུར་བུར་ཁེངས།འཇམ་པའི་དབྱངས།མི་ལ་བཞད་པའི་རྡོ་རྗེ་སོགས་ཀྱི་ཕྱག་བཟོ་མང་པོ་དང་།ཕྱག་ཚྭ་བཏབ་པས་བཀྲ་ཤིས་འཁྱིལ་གྱི་ནགས་ཐམས་ཅད་སྐུ་འབུམ་ས་ཚྭའི་མཆོད་རྟེན་གྱིས་བཀང་བ་ལྟ་བུ་བྱུང་ཞིང་།རྡོའི་མཎྚལ་ཕུལ་བས་ཕྱག་མཐིལ་བརྡོལ་བ་དང་།ཕྱག་བཟོའི་རྡོ་སྐུ་མང་པོ་ད་ལྟ་མཇལ་དུ་ཡོད་པ་རྣམས་ཀྱང་བཟོ་བས་བསྐྲུན་དུ་མེད།མེ་བྱ་ལོའི་དགུན་ཁར་དགུ་ཆུའི་འགྲམ་ཞིག་ཏུ་མི་འཁྲུག་པའི་ས་ཚྭ་མང་དུ་བཏབ་པ་ན་ས་གཞི་ཐམས་ཅད་མེ་ཏོག་སྔོན་པོས་ཁྱབ་པ་དངོས་སུ་བྱུང་།ལ་མོའི་ཞབས་དྲུང་དཀར་བོ་སོགས་ཀྱིས་ནན་ཞུས་ལྟར་རྔ་སྒར་དང་རྡོ་རྗེ་བྲག་སོགས་རྗེས་སུ་བཟུང་།དབུས་ཕྱོགས་སུ་སྨད་རྒྱུད་ཁང་།བྱང་རྩེ་གྲྭ་ཚང་གི་འདུ་ཁང་ལ་ཚོན་རྩི་གསར་འབུལ་དང་།གསེར་ཕོན་ཆེ་བ་གནང་སྟེ་ཞིག་གསོ་མཛད།སྨད་རྒྱུད་དུ་གསང་འདུས་ཁྲི་མཆོད་ཀྱི་ཐེབས་ཀྱང་ཕུལ།རོང་བོའི་འདུ་ཁང་གསར་བཞེངས་མཛད་ཅིང་།ཕྱག་རྫས་གཏོས་ཆེན་སྔ་ཕྱིར་རོང་བོ་གྲྭ་ཚང་འཛུགས་འཐེབ་ཏུ་གནང་།རྡོ་སྦིས་ལྕང་ཤར་དང་ཞོ་མ་ཕུག་ཏུ་ཕྱག་བཟོའི་རྟེན་མང་པོ་ཡོད།མདོ་སྨད་དུ་དགོན་པ་ཕར་ཞོག་གྲོང་ཐམས་ཅད་ལ་ཡང་གང་འཚམ་གྱི་ཆོས་སྦྱིན།ལྔ་མཆོད་སོགས་ཆོས་ཐོགས་དགེ་བསྐུལ་དང་སྡིག་རྒྱུན་གཅོད་པ།གཙུག་ལག་ཁང་དང་མཆོད་རྟེན་རྣམས་ལ་མཇལ་སྐོར་སོགས་ཀྱི་སྲོལ་བཏོད་པ་ཅི་རིགས་མ་མཛད་པའི་ས་ཆ་མི་སྣང་བ་ཡིན།དེ་ལྟར་དགུང་ལོ་དོན་བཞིའི་སྟེང་སྐུ་མྱ་ངན་ལས་འདས།