རེས་གཟའ་བདུན།
སངས་རྒྱས་ཆོས་ལུགས་ཀྱི་དུས་འཁོར་སྐར་རྩིས་ནས་བཤད་སྲོལ་ལ། ཉི་མ་ལ་སོགས་པའི་གཟའ་བདུན་པོ་རྣམས་རང་རང་ཐོག་མར་སྐྱེས་པའི་ཞག་དེ་ལ་དབང་བྱེད་པ་ཡིན་པས་ན་རེས་གཟའ་ཞེས་བཏགས་པ་ཡིན། དེ་ཡང་ཐོག་མར་ཉི་མ་དང་རྒྱུ་སྐར་གྱི་གནས་ས་ཁྱིམ་བཅུ་གཉིས་ཆགས་པ་དང་། དེ་རྗེས་རྒྱུ་སྐར་ཉེར་བདུན་ཆགས་ཤིང་། དེ་རྗེས་ཁྱིམ་དུམ་བུ་བཅུ་གཉིས་པོ་རྣམས་རླུང་འགྲོས་ཀྱིས་གཡས་བསྐོར་དུ་འཁོར་བའི་ནང་གསེས་ཀརྞའི་ཁྱིམ་དེ་ཤར་གླིང་དབུས་མའི་ཚངས་ཐིག་གི་སྟེང་དུ་ཡོད་པའི་སྐར་མ་སྐག་གི་ཐད་ཀར་སླེབས་པ་ན་མེའི་རང་བཞིན་ལྡན་པའི་འོད་ཀྱི་གོང་བུ་ཞིག་ཐོག་མར་ཐོན་པ་དེ་ནི་ཉི་མ་ཡིན་ཞིང་། དེ་ནས་ས་ཡི་གོ་ལའི་ཐོག་ཉིན་མཚན་གྱི་དབྱེ་བ་ཐོག་མར་བྱུང་བ་ཡིན་པས་ན་གཟའ་ཉི་མ་དེ་གཟའ་རྣམས་ཀྱི་དང་པོར་བཞག ཉི་མ་དེ་བྱུང་རྗེས་སུ་དེ་ཉིད་སྐར་ཁྱིམ་གྱི་ཐོག་ནས་རང་འགྲོས་གཡོན་བསྐོར་དུ་འཁོར་ཏེ་སླར་ཡང་རང་གི་སྐྱེས་ཁྱིམ་ཀརྞའི་ཁྱིམ་དུ་སླེབས་པ་དང་ཉི་མ་དེ་རང་ཉིད་ཀྱི་སྐྱེས་སྐར་སྐག་དང་མཉམ་དུ་འགྲོགས་ནས་ལྷོ་གླིང་དབུས་མའི་ལུག་ཁྱིམ་གྱི་སྟེང་དུ་ཡོད་པའི་སྐར་མ་ཐ་སྐར་གྱི་ཐད་དུ་འབྱོར་བ་ན་ཆུའི་རང་བཞིན་ལྡན་པའི་ཟླ་བ་བྱུང་སྟེ་དེའི་ཡར་ངོ་དང་མར་ངོའི་འཕེལ་འགྲིབ་ཀྱི་འགྱུར་ལྡོག་ལ་བརྟེན་ནས་ཟླ་བ་གཅིག་གི་ཐ་སྙད་བྱུང་། དེ་བཞིན་དུ་ཉི་མས་གཡོན་སྐོར་དུ་འཁོར་ནས་སྐར་མ་མཆུའི་ཐད་དུ་སླེབས་པ་ན་མིག་དམར། ལྷག་མཚམས་ཀྱི་ཐད་དུ་སླེབས་པ་ན་ལྷག་པ། མེ་བཞིའི་ཐད་དུ་སླེབས་པ་ན་ཕུར་བུ། ནབས་སོའི་ཐད་དུ་སླེབས་པ་ན་པ་སངས། སྣུབས་ཀྱི་ཐད་དུ་སླེབས་པ་ན་སྤེན་པ་བཅས་གཟའ་བདུན་བྱུང་ཞིང་། དེ་རྗེས་སླར་ཡང་ཉི་མ་ནག་པའི་ཐད་དུ་སླེབས་པ་ན་སྒྲ་གཅན། ནམ་གྲུའི་ཐད་དུ་སླེབས་པ་ན་དུས་མེ། ཆུ་སྨད་ཀྱི་ཐད་དུ་སླེབས་པ་ན་མཇུག་རིང་བཅས་རིམ་པར་སྐྱེས། གཟའ་དགུ་པོ་དེའི་ནང་ནས་སྒྲ་གཅན་དང་དུས་མེ་གཉིས་ནི་མགོ་མཇུག་གི་ཁྱད་པར་ཙམ་མ་གཏོགས་ངོ་བོ་གཅིག་ཡིན་པས་དེ་གཉིས་གཅིག་ཏུ་བརྩིས་པའི་གཟའ་བརྒྱད་པོ་དེ་རྣམས་རང་རང་གི་ཐུན་མོང་མ་ཡིན་པའི་འགྲོས་ལ་བརྟེན་ནས་གཡོན་བསྐོར་དུ་འཁོར་བ་དང་། ཕྱི་མ་ཕྱི་མ་མ་སྐྱེས་ཀྱི་བར་དུ་སྔ་མ་རྣམས་ཀྱི་ཞག་གཉིས་རེས་དང་གསུམ་རེས་སོགས་ཀྱི་རེས་བསྐོར་བྱས་ནས་འཁོར་ཞིང་། གཟའ་སྤེན་པ་སྐྱེས་རྗེས་གཟའ་བདུན་པོ་རྣམས་ཀྱིས་རང་རང་ཐོག་མར་སྐྱེས་པའི་གོ་རིམ་དང་མཐུན་པར་རེས་མོས་ཀྱི་ཐོག་ནས་སྐར་ཁྱིམ་སོ་སོར་ལོངས་སྤྱོད་པའི་རྒྱུ་མཚན་དེ་ལ་བརྟེན་ནས་རེས་གཟའ་ཞེས་མིང་བཏགས་པ་ཡིན།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།