རེས་གཟའ་བདུན་དང་ལྷན་ཅིག་ཏུ་འགྲོགས་པའི་འབྲས་བུ།
སྐར་རྩིས་ཀྱི་གཞུང་ལས་རེས་གཟའ་བདུན་པོ་དེ་དང་རྒྱུ་སྐར་ཉེར་བདུན་པོ་སོ་སོ་ལྷན་གཅིག་ཏུ་འཛོམས་པ་ན་འབྲས་བུ་བཟང་ངན་སྣ་ཚོགས་འབྱུང་བར་བཤད་ཅིང་། དེ་ལ་སྐར་རྩིས་པའི་ལུགས་སུ་འཕྲོད་ཅེས་མིང་བཏགས་པ་ཡིན། དེ་ལ་སྐར་རྩིས་པའི་ལུགས་དང་རྒྱ་ནག་གི་འབྱུང་རྩིས་པའི་ལུགས་གཉིས་ཡོད་པའི་ནང་ནས་དང་པོ་སྐར་རྩིས་པའི་ལུགས་ལྟར་ན། གཟའ་བདུན་གྱི་ནང་ནས་ཉི་མ་དང་མིག་དམར་གཉིས་ནི་མེ་ཁམས། ཟླ་བ་དང་ལྷག་པ་ཆུ་ཡི་ཁམས། ཕུར་བུ་དང་སྒྲ་གཅན་གཉིས་ནི་རླུང་ཁམས། པ་སངས་དང་སྤེན་པ་གཉིས་ས་ཡི་ཁམས་ཡིན། དེ་བཞིན་དུ་རྒྱུ་སྐར་ཉེར་བདུན་གྱི་ནང་ནས་སྨིན་དྲུག རྒྱལ། མཆུ། གྲོ། ས་ག ཁྲུམས་སྟོད། བྲ་ཉེ་བཅས་བདུན་ནི་མེ་ཁམས། སྣར་མ། ལྷམ་མཚམས། སྣྲོན། ཆུ་སྨད། བྲོ་བཞིན། མོན་གྲུ་བཅས་དྲུག་ནི་ས་ཁམས། མགོ། ནབས་སོ། དབོ། མེ་བཞི། ནག་པ། ས་རི། ཐ་སྐར་བཅས་ནི་རླུང་ཁམས། ལག སྐག སྣྲུབས། ཆུ་སྟོད། མོན་བྲོ། ཁྲུམས་སྨད། ནམ་གྲུ་བཅས་བདུན་ནི་ཆུ་ཁམས་ཡིན་པས་ས་གཉིས། ཆུ་གཉིས། མེ་གཉིས། རླུང་གཉིས། ས་ཆུ། མེ་རླུང་བཅས་འཕྲོད་པ་རྣམས་བཟང་བ་དང་། ས་རླུང་། ཆུ་རླུང་། ས་མེ། མེ་ཆུ་བཅས་འཕྲོད་པ་རྣམས་ངན་པ་ཡིན་པར་བཤད། གཞན་ཡང་འཕྲོད་སྦྱོར་ཉེར་བརྒྱད་དང་། ཐུན་མོང་མ་ཡིན་པའི་འཕྲོད་གསུམ་འགྲུབ་སྦྱོར་བདུན་སོགས་བཤད་ཚུལ་མང་པོ་ཡོད་པ་ཞིབ་པར《བཻཌཱུརྱདཀར་པོ》དང་། 《རྩིས་གཞུང་ཉིན་བྱེད་སྣང་བ》སོགས་ཀྱི་ནང་གསལ་བས་འདིར་མིང་ཙམ་ལས་མ་བྲིས་སོ། །དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།