Jump to content

རུང་བ་མ་ཡིན་པའི་གཞི་བཅུ།

ཡོང་ཁུངས་Wikipedia

༡.ཆོས་མ་ཡིན་པའི་ལས་བྱས་ཤིང་མཇུག་ཏུ་ཐལ་མོ་བརྡབས་ཏེ་ཧུ་ལུ་ཧུ་ལུ་ཞེས་བརྗོད་པའམ། ༢.ཡང་ན། དགེ་འདུན་ལྷག་མ་རྣམས་རྗེས་སུ་ཡི་རངས་བྱེད་བཅུག་པས་དག་གོ་ཞེས་པ། ༣.ས་གཞི་འདི་ནི་ཀུན་གྱིས་སྤྱོད་རུང་བས་ཉེས་པ་མེད་པ་ཡིན་ཞེས་ཁྱིམ་པ་བཞིན་དུ་ས་བརྐོ་བ། ༤.ན་བར་གྱུར་ན་ཆང་སྣོད་སྲིན་བུ་པད་པས་འཇིབ་པ་ལྟར་གཞིབ་ནས་ཆང་བཏུང་རུང་བ། ༥.ལན་ཚཱ་འདེབས་ན་ཟས་ཀྱི་རོ་འགྱུར་བས་དུས་མིན་གྱི་ཁ་ཟས་ཟ་རུང་བ། ༦. ཟས་སྤངས་ཟིན་ནས་རྒྱང་གྲངས་ཕྱེད་ཙམ་ལམ་དུ་བརྒལ་ནས་སླར་ཡང་ཟར་རུང་བ། ༧.ཟས་སྤངས་ནས་ལྷག་པོ་བྱས་མི་དགོས་པར་སླར་སོར་མོ་གཉིས་ཀྱིས་རེག་ནས་ཟར་རུང་བ། ༨.འོ་མ་དང་ཞོ་གཉིས་བྲེ་གང་རེ་བསྲེས་ཏེ་དཀྲུགས་ནས་ཕྱི་དྲོ་འཐུང་རུང་བ། ༩.གདིང་བ་རྙིང་པ་ནས་བདེ་བར་གཤེགས་པའི་མཐོ་གང་ལྷན་མི་དགོས་ཞེས་པ་། ༡༠.དགེ་ཚུལ་གྱི་མགོ་ལ་ཁྲིའུ་བཅིངས། དེའི་སྟེང་དུ་མེ་ཏོག་གི་ཕྲེང་བས་བརྒྱན་པའི་ལྷུང་བཟེད་བཞག་སྟེ། གསེར་དངུལ་སོགས་འབུལ་བ་དེར་འཕེན་བཅོལ་ན་ཕྱིས་དགེ་སློང་རང་ཉིད་ཀྱིས་རེག་ཆོག་པར་འདོད་པ་བཅས་རུང་བ་མ་ཡིན་པའི་གཞི་བཅུའོ། །དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།