Jump to content

རིམ་གྲོ་

ཡོང་ཁུངས་Wikipedia

རིམ་གྲོ་ཞེས་པ་ནི་སྤྱིར་ནད་གདོན་སོགས་ཀྱི་གནོད་པ་ཞི་ཞིང་བར་ཆད་སེལ་བའི་གཏོ་བཅོས་སམ་ཞབས་རིམ་ལ་གོ སྤྱོད་འཇུག་གི་སྐབས་འདིར་དཀོན་མཆོག་ལ་མཆོད་པའི་རྣམ་པ་ཞིག་སྟེ། བསྙེན་བཀུར་རམ་བཀུར་བསྟི་ཡིས། སློབ་དཔོན་དང་ཕ་མ་སོགས་ཀྱི་ལུས་ཀྱི་ངོ་ཚ་ཤེས་པ་དང་གུས་པའི་སྒོ་ནས་གཞན་གྱི་རྐང་པ་འཁྲུ་བ་དང་མཉེ་བ། སྐུ་མཉེ་བ། གཞན་ལ་ཐུགས་ཕན་གདགས་པའི་སེམས་ཀྱིས་བྱེད་པའི་ལུས་ཀྱི་སྤྱོད་པ་ཞིག་ལ་གོ །

ནང་དོན།

[རྩོམ་སྒྲིག]

རིམ་གྲོའི་ཚུལ་གྱི་ངོ་བོ། "གཞན་གྱི་གུས་པས་རང་གི་རྐང་པ་འཁྲུ་བ་བསྐུ་བ་ཉེད་པ་སོགས་ཀྱི་ཞབས་ཏོག་བྱེད་པའི་རིམ་གྲོ་འདོད་ཅིང་དེ་དོན་དུ་གཉེར་བ་སོགས་ཀྱི་བསམ་པ་བྱུང་བར་གྱུར་ན་ཡང་དེ་ཡི་ཚེ་སོ་སོའི་གཉེན་པོའི་ཟུངས་ཐུབ་པར་བྱས་ནས་དེ་དག་གི་དབང་དུ་མི་འགྱུར་བར་ཤིང་སྡོང་བཞིན་དུ་བརྟན་པར་གནས་པར་བྱའོ། །"[]ཞེས་གསུངས་ཡོད།

རིམ་གྲོའི་ལས་དོན། རིམ་གྲོ་ནི་ལུས་ཀྱི་ཞབས་ཏོག་ཏུ་གྱུར་ཏེ། གུས་པ་དང་འཇམ་ཞིང་མཐུན་པའི་སེམས་ཀྱིས་གཞན་ལ་མཆོད་པའི་རྣམ་པར་སྤྱོད་པ་ཞིག་ཡིན། འགྲེལ་ཆེན་ལས། "རིམ་གྲོ་ནི་རྐང་པ་འཁྲུ་བ་དང་མཉེ་བ་ལ་སོགས་པའོ། །"ཞེས་གསལ་ཡོད།

རིམ་གྲོའི་དམིགས་ཡུལ། "བདག་གི་སེམས་སྐུ་མཉེ་སོགས་རིམ་གྲོ་འདོད་པར་གྱུར་ན་ཡང་དེའི་ཚེ་ཤིང་བཞིན་དུ་གཉེན་པོ་ཟུངས་ཐུབ་པར་གནས་པར་བྱའོ། །"[]ཞེས་པ་ལྟར། རིམ་གྲོ་ལ་དམིགས་ཏེ་དོན་དུ་གཉེར་བའི་སེམས་འདྲེན་པའི་སྐབས་སུ་དྲན་པའི་ཟུངས་ཐུབ་པར་བྱེད་དགོས་ཚུལ་བསྟན་ཡོད།

རིམ་གྲོའི་དཔེ་མཚོན།

[རྩོམ་སྒྲིག]

ནད་པ་དང་སྨན་པའི་དཔེ། "དེའི་ནད་གཡོག་ནི་ནད་པ་དེའི་རིམ་གྲོ་བྱེད་པའོ། །"[]ཞེས་པ་ལྟར། རིམ་གྲོ་ནི་ནད་པ་ལ་ནད་གཡོག་བྱེད་པའི་ཚུལ་དུ་གཞན་གྱི་ལུས་ལ་ཞབས་ཏོག་བྱེད་པ་ཞིག་ཡིན།

གྲགས་པ་དང་འཁོར་གྱི་སྐབས། "གྲགས་པ་ནི་སྙན་པའོ། །འཁོར་ནི་བྲན་ཕོ་དང་བྲན་མོ་དང་ལས་བྱེད་པ་ལ་སོགས་པའོ། །རིམ་གྲོ་ནི་རྐང་པ་འཁྲུ་བ་དང་ཉེད་པ་ལ་སོགས་པའོ། །འདི་དག་དོན་དུ་གཉེར་བ་ནི་འདོད་པ་སྟེ་བདག་གིས་སེམས་དེ་དག་ལས་ཤིང་བཞིན་དུ་གནས་པར་བྱའོ། །"[]ཞེས་གསུངས་ཡོད།

བདག་བཟུང་གི་ཉེས་དམིགས།

[རྩོམ་སྒྲིག]

བདག་འདོད་ཀྱི་ཉེས་པ། "རྙེད་དང་བཀུར་སྟི་དང་གྲགས་པ་འདོད་པའམ། གཡོག་འཁོར་དོན་དུ་གཉེར་བར་འདོད་པའམ། བདག་གི་སེམས་རྐང་པ་བཀྲུ་བ་ལ་སོགས་པའི་རིམ་གྲོ་འདོད་པར་གྱུར་ན་དེའི་ཚེ་ཤིང་བཞིན་གནས་པར་བྱའོ། །"[]ཞེས་པ་ལྟར། རིམ་གྲོ་ལ་དོན་དུ་གཉེར་བའི་བསམ་པ་བཟློག་དགོས་ཚུལ་བསྟན་ཡོད།

དགྲ་གཉེན་གྱི་ཁྱད་པར། "འཇིག་རྟེན་པའི་དགྲ་གཞན་ཀུན་ལ་ཁོ་རང་གི་འདོད་པ་དང་རྗེས་སུ་མཐུན་པར་ཟས་གོས་ནོར་སོགས་ཀྱི་བསྙེན་བཀུར་དང་རིམ་གྲོ་བྱས་ཏེ་མཉེས་ཐབས་ཀྱི་སྒོ་ནས་བསྟེན་པར་བྱས་ན་དེ་ཐམས་ཅད་ཀྱིས་རང་ལ་ནུས་པ་ཅི་ཡོད་ཀྱི་སྒོ་ནས་ཚུར་ལའང་ཕན་པ་དང་བདེ་བ་སྒྲུབ་པའི་གྲོགས་བྱེད་པ་ཤ་སྟག་ཡིན་ནའང་། ཉོན་མོངས་པའི་དགྲ་བོ་མི་བསྲུན་པ་རྣམས་ནི་ཁོ་རང་དང་རྗེས་སུ་མཐུན་པར་ཞུགས་ནས་གྲོགས་ཀྱི་ཚུལ་དུ་བསྟེན་པར་བྱས་ན་སྦྲུལ་ལ་འོ་མ་ཇི་ཙམ་སྟེར་བ་དེ་ཙམ་དུ་དུག་གི་ནུས་པ་འཕེལ་བ་ལྟར་སྟོབས་དང་ནུས་པ་གོང་འཕེལ་དུ་སོང་ནས་ཕྱིར་ཞིང་སྟེ་སླར་ཡང་སྡུག་བསྔལ་དག་པོ་སྐྱེད་ཅིང་གནོད་པ་ཆེན་པོ་བྱེད་པས་ན་དེའི་མཐུན་གྲོགས་མི་བྱ་བར་ཕྱིན་ཆད་རང་བདེ་བའི་ཐབས་སུ་དེ་གཞོམ་པ་ལ་བརྩོན་པར་བྱའོ། །"[]ཞེས་འཇིག་རྟེན་པའི་དགྲ་དང་ཉོན་མོངས་པའི་དགྲའི་རིམ་གྲོ་བྱེད་སྟངས་ཁྱད་པར་བཤད་ཡོད།

དུས་ཀྱི་ཆར་གཅོད།

[རྩོམ་སྒྲིག]

ཚེ་འདིའི་བྱ་བ་དོན་མེད། "གསོན་དུ་རེ་བའི་བྱ་བ་ལུས་ཀྱི་རིམ་གྲོ་སྣ་ཚོགས་དང་། ནད་མེད་ཀྱི་སྟེ་ནད་མེད་པར་བྱེད་པ་ཡི་ཐབས་སྨན་སོགས་བསྟེན་པ་དང་། ཟས་སྐོམ་ལ་སོགས་པ་མ་རྙེད་པས་བཀྲེས་ཤིང་ཕོངས་པ་དང་། འཚོ་ཆིས་ཀྱི་བྱ་བས་ངལ་ཞིང་དུབ་པ་དང་། ཚེ་ཕྱེད་གཉིད་དུ་མྱོས་པ་དང་། ཕྱི་ནང་གི་ཉེར་འཚེ་སྣ་ཚོགས་དང་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་དང་འགྲོགས་པ་སོགས་དོན་མེད་པའི་བྱ་བ་རྣམ་པ་སྣ་ཚོགས་ཀྱིས། ཚེ་ནི་དགེ་བ་བསྒྲུབ་པའི་དོན་ཅི་ཡང་མེད་པར་མྱུར་བ་ཉིད་དུ་ཟད་ཅིང་འདའ་ཡི།"[] ཞེས་རིམ་གྲོ་ལ་སོགས་པའི་ལུས་ཀྱི་བྱ་བ་ཚེ་སྐྱེལ་གྱི་རྒྱུ་ཁོ་ནར་ཟད་ཚུལ་བསྟན་ཡོད།

བསྡུས་དོན།

[རྩོམ་སྒྲིག]

རིམ་གྲོ་ཞེས་པ་ནི་ལུས་ཀྱི་མཆོད་པའི་རྣམ་པ་ཞིག་སྟེ། གཞན་གྱི་རྐང་པ་འཁྲུ་བ་དང་མཉེ་བ། སྐུ་མཉེ་བ་ལ་སོགས་པའི་ཞབས་ཏོག་བྱེད་པ་ལ་གོ། འོན་ཀྱང་དེ་ལ་ཆགས་སྡང་དང་རང་གི་དོན་ཅན་གྱི་སེམས་ཀྱིས་འདོད་པར་གྱུར་ན། བྱང་ཆུབ་སེམས་དཔས་སེམས་ཀྱི་མི་གཡོ་བའི་དྲན་པ་དང་ཟུངས་ཐུབ་པས་དེ་དག་གི་དབང་དུ་མི་འགྱུར་བ་བཟོ་དགོས་པར་བསྟན་ཡོད། ཉོན་མོངས་པ་ལ་བསྟེན་ཏེ་རིམ་གྲོ་བྱེད་པ་ནི། འཇིག་རྟེན་པའི་དགྲ་ལ་རིམ་གྲོ་བྱེད་པ་ལས་ཀྱང་གནོད་ཆེ་བར་བསྟན་ཡོད།

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  3. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  4. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  5. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  7. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།