རིན་སྤུངས་གཡུ་བུ་རྫ་ལུང་
རིན་སྤུངས་གཡུ་བུ་རྫ་ལུང་
རིན་སྤུངས་རྫོང་ནི་བོད་ལྗོངས་ཀྱི་ལྷོ་ནུབ་དང་། གཞིས་རྩེ་ས་གནས་ཀྱི་ཤར་ཕྱོགས་ཀྱི་ཡར་ཀླུ་གཙང་པོའི་ཉེ་འགྲམ་དུ་གནས་ཡོད།
རྫ་ལྷུང་ཞེས་པ་ནི་ཐོག་མར་གུ་རུ་རིན་པོ་ཆེ་གནས་དེར་ཕེབས་སྐབས། ལྷ་འདྲེས་རྫ་བསྙིལ་ཏེ་ཕེབས་ལམ་བཀག་པའི་ཆོ་འཕྲུལ་བསྟན་པར་གུ་རུས་ཨཱ་ཧཱུྂ་ཞེས་པའི་སྔགས་དང་སྡིག་མཛུབ་མཛད་པས་རྫ་བསྙིལ་བ་(རྫ་ལྷུང་བ་)གྱེན་་ལ་ལྡོག་པར་མཛད་པས་རྫ་ལྷུང་ཞེས་པ་དེ་ལྟར་བྱུང་།
རིན་སྤུངས་རྫོང་བྱམས་ཆེན་དགོན་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་༩༠ཙམ་སོང་ན་རྫ་ལྷུང་ཨ་ནིའི་དགོན་དུ་འབྱོར་བ་དང་། དེ་ནས་རྐང་ཐང་མར་ཆུ་ཚོད་ཁ་ཤས་སོང་ན་གནས་མཚོ་དེར་འབྱོར་བ་ཡིན། གནས་མཚོ་འདི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་༥༤༠༠ལྷག་ཙམ་ཡོད། དེའང་གུ་རུ་རིན་པོ་ཆེས་རྟ་ཟོག་སེམས་ཅན་བཞོན་ནས་འགྲོ་ཐུབ་པའི་གནས་ལ་སེམས་ཅན་གྱི་ནས་སྒྲིབ་མི་དག་ཅེས་གསུངས་ཏེ་མཚོ་དེ་ནས་ཆུ་ཀ་ལི་གང་བསྣམས་ཏེ་སྐས་རིང་སྐས་ཐུང་ཞེས་པའི་གྱེན་ལམ་གཟར་པོ་གཉིས་(གྱེན་་ལམ་འདི་གཉིས་འཛེགས་སྐབས་ཕྱི་བསྟས་མ་སློག་ན་ཉེས་ལྷུང་ཆེན་པོ་དག་ཐུབ་ཅེས་ཟེར་)འཛེགས་། དེ་ནས་གཡམ་ཧྲུག་གི་འཕྲེད་ལམ་བརྒྱུད་ལ་ཆུང་ཞིག་བརྒྱབ་པའི་ཤར་ངོས་རྫ་རོང་ནང་གཤོས་གནང་བས་མཚོ་དེ་ཆགས་ཞེས་དང་། ཡང་གསུང་སྲོལ་གཞན་ཞིག་ནི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་གུ་རུ་རིན་པོ་ཆེ་ལ་གསེར་གྱིས་བཀང་པའི་ཀ་ལི་ཞིག་ཕུལ་བ་དེ་ལ་ཐུགས་སྨོན་མཛད་དེ་གཤོས་གནང་བས་མཚོའི་དབྱིབས་ཀྱང་ཀ་ལིའི་དབྱིབས་སུ་ཡོད་པ་དང་མཚོ་མདོག་ནི་མཐིང་ནག་ཡིན། གནས་མཚོ་དེ་ནི་ཚེ་རིང་མཆོད་ལྔའི་བླ་མཚོ་ཡིན་ཞེས་དང་། མཚོ་བདག་ཀླུ་མོ་མཚོ་སྨན་དཀར་མོ་ཞེས་སུ་གྲགས། མཚོ་མཇལ་ཞུ་བའི་དུས་ཚོད་ནི་ལོ་ལྟར་བོད་ཟླ་༤ཚེས་༡༥གཡས་གཡོན་ལ་དར་ཁ་ཞིག་ཅིང་མཚོ་ཞལ་ཕྱེ་བ་ཞེས་མཚོ་མཇལ་འགྲོ་བ་དང་བོད་ཟླ་༨ཟླ་མཇུག་དུ་སླར་ཡང་དར་འགྲིག་པ་ཡིན། གནས་དེར་མཚོ་མཇལ་དུ་ཕེབས་སྐབས་ལུས་ངག་ཡིད་གསུམ་གྱི་དད་གུས་གཡོ་བ་མེད་པའི་ཐོག་མཚོ་རྫས་སུ་འབུལ་བྱེད་ཀྱི་རྫས་འབྲུ་སྣ་དང་།
དར་སྣ་གསེར་དངུལ་སོགས་གཙང་ལ་དྲི་ཡིས་མ་འགོས་པ་བྱས་ནས་ཕུལ་ན་རང་རང་སོ་སོར་འབྱུང་འགྱུར་གྱི་ལས་དབང་མཚོའི་ནང་ནས་གསལ་སྟོན་ནམ་བརྡ་ཚིག་སོགས་སྟོན་པ་ཡིན་ཞེས་ཟེར།
གཞན་ཡང་རྫ་ལྷུང་དགོན་བསྐྱར་བཞེངས་གནང་བའི་ནང་སྔོན་རྫ་ལྷུང་དགོན་གྱི་རྟེན་གཙོ། དགོན་དེ་བསྐྱར་བཞེངས་གནང་སྐབས་གྱང་རོའི་དཀྱིལ་ནས་རྙེད་པ། གུ་རུ་རིན་པོ་ཆེའི་ཞབས་གཉིས་ཀྱི་རྗེས་རྡོ་སྟིང་དུ་འདམ་ལ་བཏབ་པ་ལྟ་བུའི་སྟེང་ཡི་གེ་ཨོཾ་དང་ཧཱུྂ་གི་རང་བྱོན་གསལ་བ་དང་སྔོན་གྱི་རྟེན་གསུམ་གྱི་སྐུ་ཚབ་གསར་བཞེངས་གནང་བ་བཅས་མཇལ་རྒྱུ་ཡོད།
བོད་རེ་བ•མཚོ་ལྷ་དཀར་པོས།