Jump to content

རིང་བསྲེལ་

ཡོང་ཁུངས་Wikipedia

རིང་བསྲེལ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་དམ་པའི་སྐྱེས་བུ་རྣམས་མྱ་ངན་ལས་འདས་པའི་རྗེས་སུ་སྐུ་གདུང་ཞུགས་པ་ལས་བྱུང་བའི་དྭངས་མ་སྟེ། དེ་ནི་དད་པ་ཅན་རྣམས་ཀྱི་མཆོད་པའི་གནས་སུ་གྱུར་པ་ཞིག་ཡིན།

འགྲེལ་བཤད།

[རྩོམ་སྒྲིག]

རིང་བསྲེལ་ནི་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གདུང་གི་དྭངས་མ་སྟེ། "བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡི་རིང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་ནི། གསེར་དངུལ་བྱི་རུ་མུ་ཏིག་སོགས་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་མེ་ཏོག་སོགས་ཀྱིས་རྟག་ཏུ་མཆོད་པར་བྱེད་ལ།"[] ཅེས་གསུངས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་བ།

[རྩོམ་སྒྲིག]

རིང་བསྲེལ་ལ་མཆོད་པ་བྱེད་པའི་རྒྱུ་མཚན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལ་བརྟེན་པ་ཡིན་ཏེ། "ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོས་ཏེ། བདག་ཉིད་ཆེན་པོའི་རྣལ་འབྱོར་གྱིས་བསྟེན་པས་དེའི་ཕྱིར་སྐུ་གདུང་སྲོག་ཆགས་རྣམས་ཀྱིས་མཆོད་དེ། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་བསྟེན་པར་བྱས་པས་ཡིན་ནོ། །"[]ཞེས་དང་། "ཡུམ་གྱི་མཐུས་རིང་བསྲེལ་གྱི་སྐལ་བ་དང་ལྡན་པ་ལ་ཆོ་འཕྲུལ་གྱི་སེམས་དང་བའི་རྒྱུ་ཡིན་པའི་ཕྱིར་རྒྱལ་བའི་རིང་བསྲེལ་ཏེ། རིང་བསྲེལ་ཡོངས་སུ་བརྟགས་པའི་མདོའི་མཚན་ཉིད་དང་ལྡན་པས་མཆོད་པ་བརྙེས་སོ། །"[]ཞེས་གསུངས། དེ་བཞིན་དུ་"ཤེར་ཕྱིན་གྱིས་ཟིན་པའི་ཡོན་ཏན་ཕན་ཡོན་གྱིས་རྒྱལ་བ་མྱ་ངན་ལས་འདས་ཀྱང་རིང་བསྲེལ་ལ་མཆོད་པ་བརྙེས་སོ། །"[]ཞེས་གསུངས།

མཆོད་པའི་ཕན་ཡོན།

[རྩོམ་སྒྲིག]

སངས་རྒྱས་ཀྱི་རིང་བསྲེལ་ལ་མཆོད་པ་བྱས་པའི་བསོད་ནམས་ནི་ཤིན་ཏུ་ཆེ་སྟེ། "གདྒཱའི་བྱེ་མ་སྙེད་ཀྱི་ཞིང་ཀུན་སངས་རྒྱས་ཀྱི་ཞིང་དུ་གྱུར་ལ། ཞིང་དེ་ཀུན་ཀྱང་རྒྱལ་བའི་རིང་བསྲེལ་གྱིས་བྱུར་བུར་གང་ཞིང་གཏམས་པར་གྱུར་ཀྱང་། དེ་དང་ཤེར་ཕྱིན་འདི་གཉིས་ཀྱི་ནང་ནས་གང་ལེན་འདོམས་སུ་བཅུག་བདག་གིས་ནི་ཤེར་ཕྱིན་འདི་ཉིད་ལེན་པར་བྱེད་དོ། །རྒྱུ་མཚན་ཅི་སླད་ཅེ་ན་སྐུ་གདུང་རིང་བསྲེལ་དེ་རྣམས་ལ་བདག་མི་གུས་པ་མ་ལགས་མོད་ཀྱི། འོན་ཀྱང་སྐུ་གདུང་དེ་དག་ལ་མཆོད་པ་ནི་དེ་དག་ཤེར་ཕྱིན་གྱིས་ཡོངས་སུ་བསྒོས་པ་སྟེ་ཟིན་པའི་དབང་གིས་མཆོད་པར་བགྱིད་པ་ལགས་སོ། །"[]ཞེས་གསུངས། འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་བསྒོམ་པའི་བསོད་ནམས་ཀྱིས་དེ་ལས་ཀྱང་ལྷག་པར་གསུངས།

ལུང་ཁུངས།

[རྩོམ་སྒྲིག]
  1. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 15b
  2. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 53
  3. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 53
  4. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 17f
  5. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 16b