Jump to content

རིགས་པ་

ཡོང་ཁུངས་Wikipedia

རིགས་པ་ཞེས་པ་ནི་བོད་ཀྱི་ནང་པའི་གཞུང་ལུགས་ཁྱད་པར་དུ་ཤེར་ཕྱིན་གྱི་མདོ་དང་དེའི་འགྲེལ་པ་རྣམས་སུ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་གཏན་ལ་འབེབས་པའི་ཐབས་གལ་ཆེན་པོར་གསུངས་པའི་ཐ་སྙད་ཅིག་ཡིན། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པའི་འགྲེལ་པ་རྣམས་སུ་རིགས་པས་དཔྱད་པའི་ཚེ་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པར་རྟོགས་ནས་བྱང་ཆུབ་ཀྱི་ལམ་ལ་འཇུག་པའི་ཐབས་སུ་གསུངས་ཡོད།

མཚན་ཉིད།

[རྩོམ་སྒྲིག]

ཆོས་རྣམས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་རྟོག་དཔྱོད་བྱེད་པའི་ཤེས་རབ་ལ་ཟེར།

སྒྲ་བཤད།

[རྩོམ་སྒྲིག]

འཐད་པ་དང་འགྲིག་པའི་དོན་ཏེ། ཆོས་ཉིད་ཀྱི་གནས་ལུགས་དང་མཐུན་པར་དཔྱོད་པའི་ཕྱིར་རིགས་པ་ཞེས་བྱ།

དབྱེ་བ།

[རྩོམ་སྒྲིག]

དོན་དམ་དཔྱོད་བྱེད་ཀྱི་རིགས་པ། "དོན་དམ་དཔྱོད་བྱེད་ཀྱི་རིགས་པས་གཟུགས་སོགས་ཀྱི་ཆོས་ཀུན་དོན་དམ་པར་མི་དམིགས་པར་ཤེས་པ་ན།"[] ཞེས་དང་། "དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་དཔྱད་པའི་ཚེ་དང་། དོན་དམ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་བཞག་གི་ངོ་བོར་གཟུགས་རྣམས་མི་མཐོང་ཞིང་མེད་ལ།"[] རིགས་པ་ཡང་དག "འདི་ལྟར་གཟུགས་ཞེས་བྱ་བ་འདི་དང་ཤེས་རབ་འདི་ནི་ངོ་བོ་དོན་དམ་པ་གང་ཡིན། འདི་སུ་ཡི་ཡིན། རྒྱུ་གང་ལས་བྱུང་བ་ཡིན་ཞེས་པ་ལྟ་བུའི་རིགས་པ་ཡང་དག་གིས་ཕུང་སོགས་ཀྱི་ཆོས་འདི་ཐམས་ཅད་སྟོང་པའི་རང་བཞིན་དུ་རྟོག་ཅིང་དཔྱོད་དོ། །"[]"རིགས་པ་ཡང་དག་གིས་བཙལ་ན་ཡོད་པར་མི་རྙེད་ཀྱང་།"[] རིགས་པས་དཔྱད་པ། "དེ་ཁོ་ན་ཉིད་ཚོལ་བའི་རིགས་པས་དཔྱད་ན་རྟོག་པའི་དབང་གིས་བདག་དང་ཆོས་སྣ་ཚོགས་སུ་བློས་བཞག་པ་ཙམ་ལས་དེ་དང་དེར་གྲུབ་པ་རྡུལ་ཕྲ་རབ་ཙམ་མི་རྙེད་པར་ངེས་པ་སྐྱེས་པའི་ཚེ་བྱང་ཆུབ་སེམས་དཔའ་དེ་ཤེས་བྱའི་ཆོས་ཀུན་ལའང་དམིགས་གཏད་ཀྱི་ཚུལ་གྱིས་མི་གནས་པ་ཡིན་ནོ། །"[]"རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་བ་རིགས་པས་དཔྱད་བཟོད་དུ་མ་གྲུབ་པའི་སྒྱུ་མ་ལྟ་བུར་དེ་བཞིན་གཤེགས་པས་བསྟན་ཏོ། །"[]རིགས་པ་དང་ལྡན་པ། "དེ་ལྟར་ཡང་དག་པའི་རིགས་པ་དང་ལྡན་པས་ཉེ་བར་བརྟགས་ནས་སྟོང་པ་ཉིད་ཀྱི་དོན་ལ་མགོ་རྨོངས་པའི་ཞུམ་པ་མེད་ཅིང་ཆོས་ཉིད་ཟབ་མོ་ལ་སྐྲག་པ་མེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་རྫོགས་པའི་བྱང་ཆུབ་དང་ཉེ་བ་ཉིད་དུ་གྱུར་པ་ཡིན་ནོ། །"[]"གཞན་དུ་ན་རིགས་པ་དང་མི་ལྡན་པས་དོར་བར་བྱ་བར་འགྱུར་རོ། །"[]"བྱིས་པ་ནི་འཕགས་པའི་ལམ་མ་སྐྱེས་པའོ། །དེས་བརྟགས་པ་ནི་རིགས་པ་དང་ལྡན་པའོ། །"[]རིགས་པའི་སྟོབས། "རིགས་པའི་སྟོབས་ཀྱིས་གང་ལས་སྤྱི་དངོས་པོ་མ་ལུས་པ་སྒྱུ་མ་ལྟ་བུར་སྟོང་པ་ཉིད་དུ་གནས་པས་ཆོས་དང་གང་ཟག་གི་གཉེན་པོའི་རང་བཞིན་གྱིས་ཤེས་རབ་ཡང་དག་པར་བདག་མེད་པར་ཤེས་པའི་མཚན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་གོ །"[༡༠]"དོན་དེ་དག་འདིར་བསྡུས་ནས་རིགས་པའི་སྟོབས་ཀྱིས་ཇི་ལྟར་བསྟན་པ་ནི་དམིགས་པ་དང་། རྣམ་པ་དང་། དྲོ་བ་ཆུང་ངུ་ལ་སོགས་པའི་རྣམ་པའི་སྐྱེད་པ་བསྟན་པ་ཡིན་པར་གཟུང་བར་བྱའོ། །"[༡༡]རིགས་པ་དང་ལུང་། "དེ་ལྟར་ལུང་ལས་ངེས་པ་ཡིན་ནོ། །རིགས་པ་ལས་ཀྱང་རྟོགས་པར་བྱ་སྟེ།"[༡༢]

རིགས་པ་དང་སྣང་བའི་འབྲེལ་བ།

[རྩོམ་སྒྲིག]

"དངོས་པོ་རྣམས་སྒྱུ་མ་ལྟ་བུར་གཞག་པ་ནི་ངེས་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེ་ལྟ་བས་ན་འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་ལས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་སྣང་བ་འདི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། རིགས་པ་ཇི་ལྟ་བ་བཞིན་ནི་དོན་དམ་པའི་བདེན་པ་ཡིན་པར་བསྟན་ཏོ། །"[༡༣]"འདི་དག་ཇི་ལྟར་སྣང་བའི་ཆོས་ནི་ཡོད་པའོ། །རིགས་པ་ཇི་ལྟ་བ་བཞིན་ནི་མེད་པའོ། །"[༡༤]"སྣང་བ་ལས་གཞན་ནི་རིགས་པས་མ་གྲུབ་པའི་ཕྱིར་མི་རྟག་པ་ལ་སོགས་པའི་ཁྱད་པར་གྱི་རང་བཞིན་ལ་སོགས་པ་དམིགས་པ་ཡིན་པར་ལྡོག་པས་བསྟན་པར་འགྱུར་རོ། །"[༡༥]

ལུང་ཁུངས།

[རྩོམ་སྒྲིག]
  1. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་༦a།
  2. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་༢༧b།
  3. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་༦b།
  4. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་༡༡a།
  5. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་༦b།
  6. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་༡༧b།
  7. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་༨b།
  8. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༧།
  9. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༢༥།
  10. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༡༧།
  11. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༢༣།
  12. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༡༢།
  13. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༢༥།
  14. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༢༥།
  15. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༡༨།