རིག་འཛིན་ལེགས་ལྡན་རྗེ་
གཏེར་སྟོན་རིག་འཛིན་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེ་ནི།
༼གཏེར་སྟོན་རིག་འཛིན་རྒོད་ལྡེམ་སྐུ་ཕྲེང་གཉིས་པ། མཚན་ཞན་གསང་མཚན་རྡོ་རྗེ་གྲོ་ལོད་རྩལ། ཉི་ཟླ་འོད་ཟེར། པདྨ་ནག་པོ།༽ པདྨ་ཀ་ཐང་ལས། མཐའ་དམག་དབུས་རྡིབ་འབྲི་དང་ཕག་པ་འཐབ༔ དབུས་གཙང་སིལ་བུ་ཕག་གྲུ་ཚལ་པར་འགྲོ༔ སྟག་ཚང་ཟབ་ལུང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་འདི་བསྟན་ནས་འབྱུང༔ གཏེར་སྟོན་རྡོ་རྗེ་གྲོ་ལོད་ཞེས་བྱ་འབྱུང་༔ ཞེས་དང་། རིག་འཛིན་ཡོངས་འདུས་ལུང་བྱང། ཏནྟྲའི་སྤྱི་ལུང་སོགས་ལུང་དུ་མ་ནས་བཟིན་པའི་སྐྱེས་བུ་འདི་ནི་གཅེན་མངའ་རིས་པཎ་ཆེན་དང་ཡབ་ཡུམ་གཅིག་ཏུ་འོད་གསལ་ལྷའི་རིགས་ལས་མངའ་རིས་རྒྱལ་པོའི་གདུང་བརྒྱུད་ཡབ་མཁས་གྲུབ་ཆེན་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང་ཡུམ་འབྲོ་ལྕམ་ཁྲོམ་པ་རྒྱན་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༥༡༢རབ་བྱུང་དགུ་པའི་ཆུ་སྤྲེལ་ལོའི་སྤྲེལ་ཟླའི་ཚེས་བཅུར་སྐུ་བལྟམས། འདིའི་ཉིན་ཡབ་ཡུམ་སྲས་འཁོར་དང་བཅས་པས་ཚེས་བཅུའི་མཆོད་པ་རྒྱས་པར་མཛད་ཅིང་ཚེས་བཅུའི་གཏོར་དབང་ཇོ་ལགས་པཎ་ཆེན་གྱིས་མཛད་པས་སྐུ་ཚེ་དེའི་ཡོངས་འཛིན་ལ་སྔ་བ་མངའ་པཎ་ཉིད་ཡིན། ཡུམ་གྱིས་འབྲི་ཀློག་རྣམས་བསླབ། ཡབ་ཀྱིས་དབུ་སྐྲ་བྲེག་ནས་ཆོས་མིང་ཉི་ཟླ་གྲགས་བཟང་དུ་བཏགས་ཀྱང་ཀུན་སྐྱོང་གླིང་པའི་ལུང་བསྟན་བཞིན་ལེགས་ལྡན་བདུད་འཇོམས་ཞེས་མཚན་ཡོངས་སུ་གྲགས། ལས་བྱང་ལེ་བརྒྱད་ནས་དབུ་བཟུངས་མདོ་རྒྱུད་ཀྱི་ཆོས་སྤྱོད་ཁག་ངག་བསླབ་མཛད་དེ་ཡབ་ཀྱི་ཞལ་ནས་ཤེས་རབ་ཆེ་བར་འདུག་གསུངས། ལོ་གཅིག་གཉིས་ལ་བྱིས་པའི་ཀུན་སྤྱོད་བསྐྱངས་ཏེ་ཀུན་སྤྱོད་ཚུབ་དྲག་པས་མི་ཀུན་གྱིས་འདི་འབྱུང་པོ་ལེགས་ལྡན་མ་ནོར་བར་འདུག་ཟེར་བ་འབྱུང། དེའི་ཚེ་སྲུ་མོ་སྐྱོང་ངེ་ཞེས་པ་ཞིག་ཡོད་པ་ཉིད་ལ་ཤིན་ཏུ་ཐུགས་བྱམས་པ་ཞིག་ཡོད་པ་ཤ་དུག་གིས་གྲོངས་པ་ནས་ཐུགས་ལ་སྡུག་བསྔལ་བཟོད་དཀའ་བ་བྱུང་སྟེ་དུས་དེས་རྐྱེན་བྱས་མི་རྟག་ཁོ་ན་དྲན། ཡབ་རྗེ་དམ་པས་སྔགས་བཙུན་གྱི་འདུས་པ་བརྒྱ་ཉི་ཤུ་ཙམ་ལ་མདོ་དབང་དཀྱིལ་འཁོར་དྲུག་བཅུ་རེ་ལྔའི་དབང་ལུང་ཁྲིད་རྣམས་རྒྱས་པར་གནང་བ་གསན་ཞིང། དེ་ནས་རིམས་པས་སྒྱུ་འཕྲུལ་དཀྱིལ་འཁོར་སོགས་དབང་ལུང་ཁྲིད་མན་ངག་ངོ་སྤྲོད་ཕྱག་ལེན་སྔགས་སྡེབས་རླུང་འཁོར་དབྱངས་ཐིག་གར་གསུམ་སོགས་ལོ་གསུམ་གྱི་བར་མ་ཆད་པར་གནང་བ་རྣམས་གསན། ཡབ་ཀྱིས་ཞལ་ནས་དབང་རྒྱལ་གྱིས་ལེགས་ལྡན་འདི་སྐྱོངས་གསུངས་པ་བཞིན་ཇོ་ལགས་ཀྱི་ཕྱག་ཕྱིར་བྱོན་ཏེ་བཀའ་ཆོས་གནང་ཚད་གསན། གཞན་ཡང་གཏེར་སྟོན་སྔགས་འཆང་ཤཱཀྱ་བཟང་པོ་ལས་བྱང་གཏེར་སྒྲུབ་སྐོར་རྣམ་གསུམ་བཀའ་ཕུར་ཐུགས་གསུམ་སོགས་གསན་ནས་རི་བོ་དཔལ་འབར་དུ་བླ་སློབ་ལྷན་ལོ་མཚམས་ལ་བཞུགས་ཐུགས་དམ་འཕེལ་ཞིང་དག་སྣང་མང་པོ་ཤར། བསམ་ཡས་སྟེང་ཁང་རྣམ་སྣང་གསང་སྒྲོམ་ནས་ཟབ་ཆོས་རིག་འཛིན་ཡོངས་འདུས་དང་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ། རིན་ཆེན་སྙིང་པོའི་བྲག་ནས་ཚེ་སྒྲུབ་བདུད་རྩི་འཁྱིལ་བ། འོན་ཕུ་སྟག་ཚང་ནས་གུ་རུ་དྲག་པོ་དབུ་དགུ་སོགས་སྤྱན་དྲངས་པའི་ཟབ་གཏེར་ལ་པོད་གསུམ། གཞན་ཡང་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་གནས་སྒོ་ཕྱེ། བྱང་བདག་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ལ་སྔ་འགྱུར་བཀའ་གཏེར་གྱི་གདམས་ངག་ཕལ་ཆེ་བ་བུམ་པ་གང་བྱོའི་ཚུལ་དུ་གནང་སྟེ་བྱང་པའི་ཆོས་བདག་ཏུ་བསྐོས་ནས་མ་འོངས་ལུང་བསྟན་མང་དུ་གནང་། ཞལ་སློབ་ལ་བྱང་བདག་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། འབྲི་གུང་རིན་ཆེན་ཕུན་ཚོགས་སོགས་དུ་མ་ཞིག་མཆིས། ཆོས་རྒྱལ་བྱང་པས་གསང་རི་ཞེས་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་གྲ་རྒྱ་ཆེར་བཙུགས་པའི་མཁན་པོ་མཛད་དེ་གང་འདུལ་གདུལ་བྱའི་རེ་བ་བསྐང་ནས་དགུང་གྲངས་བརྒྱ་དང་བཅུ་གསུམ་དུ་ཕེབས་པའི་ཚེ་རེ་ཞིག་གདུལ་བྱ་རྫོགས་པར་མཁྱེན་ནས་གསང་སྔགས་ཐེག་མཆོག་གླིང་དུ་རྫོགས་ཆེན་ཟངས་ཐལ་གྱི་བར་དོ་ལྔའི་སྙན་བརྒྱུད་གསུངས་པའི་ཚེ་སྐུ་མྱ་ངན་ལས་འདའ་རྒྱུའི་གསུང་བྱོན་པའི་ན་ཆོས་རྒྱལ་ཆེན་པོས་མི་འདའ་བར་གསོལ་བ་བཏབ། ལན་ལ་ད་རེས་ང་བསྡད་པས་མི་ཡོང་། དེ་ཙམ་གཙིགས་ཆེ་ན་ཁྱོད་རང་གི་བུར་ཡོང་ངོ་ཞེས་ལུང་བསྟན་མཛད་དེ་མཐར་རབ་བྱུང་བཅུ་པའི་ཕྱི་ལོ་༡༦༢༥ལོར་ཞི་བར་གཤེགས་སོ།།