རིག་འཛིན་རྒོད་ལྡེམ་

ཡོང་ཁུངས་Wikipedia

༈ སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད་མཆོག་གི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ་གཏེར་སྟོན་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ནི། རི་བོ་བཀྲ་བཟང་གི་ཤར་མདུན་བྱང་ཕྱོགས་ཐོ་ཡོར་ནག་པོའི་ཡུལ་རྒྱུད་སྣ་མོ་ལུང་གི་གཟིམས་ཁང་དུ། ཧོར་གུར་སེར་རྒྱལ་པོའི་རིགས་ལས་ཕུར་པའི་གྲུབ་ཐོབ་བར་མ་ཆད་པར་བྱོན་པ་སློབ་དཔོན་བདུད་འདུལ་གྱི་སྲས་སུ་མེ་མོ་གླང་ལོ་ཟླ་བའི་ཚེས་བཅུ་ལ་མཚན་རྟགས་ཁྱད་པར་ཅན་དང་བཅས་ཏེ་སྐུ་བལྟམས། ལུང་དོན་ལྟར་དགུང་ལོ་བཅུ་གཉིས་པའི་དུས་སུ་དབུ་གཙུག་ཏུ་རྒོད་སྒྲོ་གསུམ་དང་ཉེར་བཞི་པའི་དུས་རྒོད་སྒྲོ་ལྔ་སྐྱེས་པས་རིག་འཛིན་རྒོད་ལྡེམ་ཅན་ཞེས་ཡོངས་སུ་གྲགས། སྐུ་གཞོན་ནུ་ནས་ཡབ་ཆོས་རྙིང་མའི་ཆོས་སྐོར་ཐམས་ཅད་ལ་ཐོས་བསམ་སྒོམ་པ་མཐར་ཕྱིན་དུ་མཛད། མང་ལམ་བཟང་པོ་གྲགས་པས་རྒྱང་ཡོན་པོ་ལུང་ནས་བཏོན་པའི་སྙིང་བྱང་མན་ངག་གནད་ཀྱི་དོན་བདུན་མ་སོགས་ཆོས་ཚན་བརྒྱད་ལྷ་བྲག་གི་གཏེར་འདོན་པའི་ཆ་ལག་ཏུ་དགོས་པར་མཁྱེན་ནས་སྟོན་པ་བསོད་ནམས་དབང་ཕྱུག་ལ་བསྐུར་ནས་རིག་འཛིན་ཆེན་པོ་ལ་ཕུལ་བའི་དོན་བཞིན། མེ་རྟ་སྦྲུལ་ཟླའི་ཡར་ངོའི་ཚེས་བརྒྱད་ལ་རི་བོ་བཀྲ་བཟང་གི་རྩེ་མོ་ནས་འཛེང་བྲག་དཀར་པོའི་རྡོ་རིང་གསུམ་ལ་གཏེར་ཆེན་གསུམ་དང་གཏེར་ཕྲན་བརྒྱ་རྩའི་ལྡེའུ་མིག་ཡོད་པ་སྤྱན་དྲངས་ནས་གཏེར་ཚབ་སྦས། གཏེར་ཤུལ་རང་མལ་བཞག་པ་དེང་སང་རླུང་གསེང་དུ་གྲགས་ཤིང་ལོ་ཕྱི་མའི་ལོ་གསར་སྐབས་མྱུ་གུ་གསར་དུ་སྐྱེས་པའི་རྒྱུན་དེང་སང་ཡོད་སྐད། ལོ་དེའི་ལུག་ཟླའི་ཚེས་བཞིའི་སྲོད་ལ་བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་པ་སྟེ་ཟང་ཟང་ལྷ་བྲག་གི་ཕུག་པ་ནས། གཏེར་སྒྲོམ་སྔོན་པོ་གྲུ་བཞི་ནང་ཆོད་སོ་སོར་ཡོད་པ་ནས་མཛོད་ལྔ་འདུས་པའི་ཟབ་གཏེར་ཆེན་པོ་སྤྱན་དྲངས་པ་སྟེ། དེའང་དབུས་སྙིང་མཛོད་སྨུག་པོ་ནས་ཤོག་དྲིལ་གསུམ་དང་ཕུར་པ་གསུམ་ཆུ་དར་སྨུག་པོ་གཅིག་གིས་དྲིལ་བ། ཤར་དུང་མཛོད་དཀར་པོ་ནས་ལས་རྒྱུ་འབྲས་ལ་ཟློ་བའི་ཆོས་དགོངས་པ་ནམ་མཁའ་དང་མཉམ་པ། ལྷོ་གསེར་མཛོད་སེར་པོ་ནས་བསྙེན་སྒྲུབ་རྣམ་པ་བཞིའི་ཆོས་སྤྱོད་པ་ཉི་ཟླ་ལྟར་གསལ་བ། ནུབ་ཟངས་མཛོད་དམར་པོ་ནས་རྟེན་འབྲེལ་ཁྱད་པར་ཅན་གྱི་ཆོས་ཙནྡན་གྱི་སྡོང་པོ་ལྟ་བུ། བྱང་ལྕགས་མཛོད་ནག་པོ་ནས་དགྲ་བགེགས་ཐལ་བར་རློག་པའི་ཆོས་དུག་གི་སྡོང་པོ་ལྟ་བུ་སྟེ། མདོར་ན་ཀུན་བཟང་དགོངས་པ་ཟང་ཐལ་གྱིས་ཐོག་དྲངས་པའི་ཆོས་དང་དམ་རྫས་བགྲང་བ་ལས་འདས་པ་བྱོན། མཛོད་ལྔ་རེ་རེ་ལའང་ཆོས་ཚན་བརྒྱ་རྩ་རེ་བཞུགས་པས་ཡོངས་དྲིལ་ལྔ་བརྒྱ་ཡན་ལག་དང་བཅས་ཤོག་སེར་གཏན་ལ་ཕབ་ནས་སྣོད་ལྡན་རྣམས་ལ་སྤེལ་བས་ཆོས་ཀྱི་སྙན་པས་བོད་ཡུལ་ཐམས་ཅད་ཁྱབ་སྟེ། སྲས་བརྒྱུད། ཡུམ་བརྒྱུད། སློབ་བརྒྱུད་གསུམ་ལས་བྱོན་པའི་ཆོས་རྒྱུན་དེང་སང་བར་མ་ནུབ་པར་གནས། ཟབ་གཏེར་ཐམས་ཅད་བོད་ཁམས་ལ་འདི་ཕྱིའི་བདེ་སྐྱིད་སྤེལ་ཐབས་ཁོ་ན་ལས་མ་འདས་ཀྱང༌། ཁྱད་པར་བྱང་གཏེར་འདི་ཉིད་བསྟན་པ་སྤེལ་བ། མཐའ་དམག་ཟློག་པ། རིམས་ནད་གཅོད་པ། ནང་འཁྲུགས་ཞི་བ། འགོང་པོ་ཨར་ལ་གཏད་པ། སྡེ་པའི་མངའ་ཐང་གསོ་བ། ས་ནད་དང་གཉན་ནད་འདུལ་བ་སོགས་གང་ལ་གང་དགོས་མ་ཚང་བ་མེད་ཅིང༌། སྟོད་ཁྱུང་ལུང་དངུལ་མཁར་ནས་སྨད་ཁམས་ཀྱི་ཀློང་ཐང་སྒྲོལ་མ་ཡན་ཆད་ཀྱི་བོད་སྤྱི་དང་བྱེ་བྲག་གི་བདེ་ཐབས་སྣ་ཚོགས་པ་དང༌། སྦས་ཡུལ་ཆེན་པོ་བདུན་གཙོ་བོར་གྱུར་པའི་གནས་ཡུལ་མང་པོའི་ཐེམས་བྱང་ལྡེའུ་མིག་སོགས་བཞུགས་པས་བོད་ཁམས་སྤྱི་ལ་ཕན་པ་བློན་པོ་ལྟ་བུའི་གཏེར་གཅིག་ཅེས་ཡོངས་སུ་གྲགས། སྐུ་ཚེའི་སྨད་ལ་འབྲས་མོ་གཤོངས་སུ་ཕེབས་ནས་གནས་སྒོ་ཕྱེས། གུང་ཐང་རྒྱལ་པོ་མཆོག་གྲུབ་སྡེས་ཀྱང་བླ་མར་བཀུར་བས་བོད་ཀྱི་བདེ་སྐྱིད་ལ་ཕན་པར་བྱུང༌། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་རྩ་གཉིས་པར་ངོ་མཚར་པའི་ལྟས་དུ་མ་དང་བཅས་ཏེ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་མོ།། འདིའི་ཆོས་བརྒྱུད་ལས་འཇའ་ལུས་སུ་གཤེགས་པ་དང་གྲུབ་ཐོབ་མང་དུ་བྱོན་ཅིང༌། བླ་མ་ཞི་དྲག ཐུགས་རྗེ་ཆེན་པོ་འགྲོ་འདུལ། རྫོགས་ཆེན་དགོངས་པ་ཟང་ཐལ། བཀའ་བརྒྱད་རང་ཤར། རྟེན་འབྲེལ་ཆོས་ཕལ་ཆེར། བསྟན་སྲུང་གི་སྐོར་སོགས་དེང་སང་རྒྱུན་བཞུགས་པ་ཕལ་མོ་ཆེ་བདག་གིས་ཀྱང་ལེགས་པར་ཐོབ་བོ།། ཀོང་སྤྲུལ་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ལས་དྲངས།