རིག་འཛིན་བདུད་འདུལ་རྡོ་རྗེ་
༈ འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་སྐྱེ་མཐའ་གཏེར་སྟོན་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་ནི། སྔོན་གྱི་གཏེར་རྙིང་བཅུ་གསུམ་ཙམ་ནས་ལུང་བསྟན་ཤིན་ཏུ་གསལ་བ་ལྟར། མདོ་ཁམས་སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྒྱལ་ཁབ་དང་ཉེ་བའི་དངུལ་ཕུ་ནང་དུ་གྲགས་པའི་སྲིབ་ཕྱོགས་སུ་ཡབ་གླིང་གི་རིགས་འཚོ་བྱེད་མཁས་པ་ཀླུ་སྐྱབས་དང༌། ཡུམ་བོ་ལུ་མ་ཞེས་པའི་སྲས་སུ་ཤིང་མོ་ཡོས་ཀྱི་ལོ་ལ་འཁྲུངས། ཡབ་ལས་ཡི་གེ་འབྲི་ཀློག་དང་གསོ་དཔྱད་སོགས་སྦྱོང་བདར་མཛད། དགུང་ལོ་དྲུག་པ་ནས་དག་པའི་སྣང་བ་མང་པོ་ཤར། ཆུང་ངུའི་དུས་ནས་དཔལ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་ཞུགས། རིག་འཛིན་རྒོད་ལྡེམ་ཅན་གྱི་རྣམ་འཕྲུལ་སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་ལ་གཙུག་ཕུད་ཕུལ། མཚན་ཀུན་དགའ་བསོད་ནམས་ཆོས་འཕགས་སུ་གསོལ། ཕ་ཝང་ཞིག་ལ་ཞབས་རྗེས་བྱོན་པ་ད་ལྟའང་འདུ་ཁང་ཆེན་མོའི་ཤར་སྒོའི་རྒྱབ་ཏུ་ཡོད། དཔལ་ས་སྐྱ་པའི་གཞུང་ལ་བསླབ་སྦྱང་གསན་བསམ་ཅི་རིགས་མཛད་པའི་སྐབས་སྙིང་པོ་ཡེ་ཤེས་ཀྱི་དོན་ཚོལ་བ་ལ་སྐོམ་པ་ཆུ་འདོད་པ་ལྟར་གྱུར་པས་རྨུགས་སངས་ཀྱི་སྒྲུབ་གནས་སུ་བྱོན། འདྲེན་པ་དཀོན་མཆོག་རྒྱལ་མཚན་ལས་རྫོགས་པ་ཆེན་པོ་སོགས་ཟབ་ཆོས་མང་དུ་གསན་ཅིང་ཐུགས་ཉམས་སུ་བཞེས་པས་རྟོགས་པའི་ཀློང་བརྡོལ། དེ་ནས་དབུས་ཕྱོགས་སུ་ཕེབས། ཉང་པོར་གྲུབ་ཆེན་བཀྲ་ཤིས་ཚེ་བརྟན་དང་མཇལ། སྨིན་གྲོལ་གྱི་གདམས་པ་མང་དུ་གསན། བྲག་དཀར་ལྷ་ཆུར་ཁམས་ཟས་སྤངས་ཏེ་བཅུད་ལེན་ཁོ་ནས་ཟབ་ལམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་མཐར་ཕྱིན་པར་མཛད། དང་པོའི་ཆོས་སྒོར་ཞུགས་པའི་རྟེན་འབྲེལ་གྱིས་གཙང་ས་ངོར་མན་དུ་བྱོན་ནས་གསུང་ངག་ལམ་འབྲས་སོག་གསན། སླར་ཕྱིར་བྱོན་སྐབས་བང་རིར་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་ཞབས་ལ་གཏུགས་ནས་དབང་ཁྲིད་མན་ངག་རྫོགས་པར་གསན། ལྷག་པར་འདིའི་སྐབས་སུ་གཏེར་གྱི་སྐལ་པ་ཅན་དུ་ལུང་བསྟན་པ་ལྟར། སྤུ་བོར་བྱོན་ཏེ་ཕོ་བྲང་གཡུ་མཚོར་རད་གླིང་ཕུར་པ་ཡང་གསང་བླ་མེད་ཀྱི་སྒྲུབ་པ་ལ་བརྩོན་པའི་ཚེ་མནལ་ལམ་དུ་ཟངས་མདོག་དཔལ་རིར་མཁའ་འགྲོ་རྣམས་ཀྱིས་གདན་དྲངས་ནས་ཞག་ཉེར་བརྒྱད་བཞུགས་པའི་ཐུགས་ཉམས་དང༌། གུ་རུ་རིན་པོ་ཆེ་ལས་སྨིན་གྲོལ་རྫོགས་པར་གསན་ཅིང་གཏེར་གྱི་ལུང་བསྟན་བསྩལ་པ་སོགས་རྗེ་རང་གི་གསུང་དག་སྣང་དབང་གི་རྒྱལ་པོར་གསལ། དཔལ་ཨོ་རྒྱན་བསྟན་འཛིན་མཇལ་དུ་བྱོན་པས་མཚན་ལམ་ལ་དཔག་སྟེ་ཐུགས་ཤིན་ཏུ་དགྱེས་པས་བསྙེན་བཀུར་ཕུན་སུམ་ཚོགས་པ་དང་བཅས་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བ་གནང༌། རྟེན་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོའི་ཚུལ་དུ་བཞུགས། ཟབ་གཏེར་གྱི་ཐོག་མ་ཁ་བྱང་ཕྱག་ཏུ་བྱུང་བ་དང་བསྟུན། དགུང་ལོ་ཉེར་དགུ་པར་རིགས་ལྡན་པདྨ་སྐྱིད་ལས་རྒྱར་བསྟེན་ནས་གཡུ་མཚོ་རིན་ཆེན་བྲག་ནས་ཁ་བྱང་དང༌། སྤུ་བོ་འདོང་ཆུ་བདེ་ཆེན་གསང་བ་ཕུག་ནས་དམ་ཆོས་དགོངས་པ་ཡོངས་འདུས་ཀྱི་སྐོར་རྣམས་སྤྱན་དྲངས་ཤིང་ཉིད་ཀྱི་ཟབ་གཏེར་གྱི་གཙོ་བོ་ཡིན་པས། ཕྱིས་སུ་བཞེས་པ་ཐམས་ཅད་དེའི་ཡན་ལག་ཡིན་པར་གསུངས། དེ་ནས་རིམ་བཞིན། ཚ་བ་སྒྲོ་བྲག་ནས་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་བཀའ་སྲུང་ཞིང་སྐྱོང་དང་བཅས་པ། སྤུ་རི་དྭགས་རྫོང་ཕུག་ནས། ཟབ་དོན་གསང་བ་སྙིང་ཐིག དཔལ་བདེ་མཆོག བཀའ་སྲུང་ཕྱག་བཞི་པའི་སྐོར་དང་བཅས་པ། སྤུ་རི་ཤེལ་གྱི་ཡང་སྒྲོམ་ནས་སྙིང་ཐིག་ཚེ་ཡང་ཕུར་གསུམ་དྲིལ་སྒྲུབ་སྒོས་སྒྲུབ་དང་བཅས་པ། སྲུང་མ་ཨེ་ཀ་ཛཱ་ཊི་དང་རང་བྱུང་རྒྱལ་མོའི་སྐོར། སྤུ་བོ་འདོང་ཆུའི་བྱང་ངོས་ཀྱི་བྲག་ནས་སྦས་ཡུལ་པདྨོ་བཀོད་པའི་གནས་ཡིག མདོ་ཁམས་སྡེ་དགེའི་ས་གནས་ཁྲོ་རི་ཟིལ་ཁྲོམ་དཀར་ཡག་ནས་ཡི་དམ་དམར་ནག་འཇིགས་གསུམ་གྱི་སྐོར་རྣམས་སྤྱན་དྲངས་པ་ལས། འཇམ་དཔལ་ཞི་སྒྲུབ་ཀྱི་སྐོར་རྣམས་ཞལ་བཤུས་པ་ལས་གཞན་གཏན་ལ་ཕབས་པ་མི་སྣང༌། བྱ་བུ་ལྕགས་ཕུར་ཅན་ནས་དཔལ་མགོན་གདོང་བཞི་པའི་སྐོར་དང་ལྷ་ཆེན་སྒྲུབ་སྐོར། བསམ་ཡས་དབུ་རྩེ་སྟེང་ཁང་ནས་བླ་མ་རིག་འཛིན་འདུས་པ། ཚེ་སྒྲུབ་ཚ་བ་དམར་ཐག བཀའ་སྲུང་ཞང་བློན་དང་སྤོམ་རའི་སྐོར། ར་ས་འཕྲུལ་སྣང་གློ་འབུར་ནུབ་ཀྱི་སྟེང་ཁང་ནས་སྙན་བརྒྱུད་གཙུག་རྒྱན་ཡིད་བཞིན་ནོར་བུའི་སྐོར་རྣམས་སྤྱན་དྲངས་ནའང་གཏན་ལ་འབེབས་པར་མ་མཛད་པར་མངོན། སྤུ་བོའི་བདུད་རི་གནམ་ལྕགས་འབར་བ་ནས་སྒྱུ་འཕྲུལ་ཞི་ཁྲོ་དང་བཀའ་བརྒྱད་སྐོར་བཀའ་སྲུང་བཅས། ར་ཙག་རྡོའི་མཆོད་རྟེན་ནས་དཔལ་མགོན་སྟག་ཞོན་སྐོར་རྣལ་འབྱོར་པ་དུང་ཕྲེང་ཅན་གྱིས་བཏོན་ནས་ཕྱག་ཏུ་ཕུལ་བ་དང༌། གཞན་ཡང་གཡུ་མཚོ་གཤིན་རྗེའི་དོང་ཁ། རིག་འཛིན་གསང་ཕུག །བསེ་རག་ཅོག ན་བུན་རྫོང༌། རྟ་ཤོད་དཀྱིལ་འཁོར་ཐང་སོགས་ནས་སྔ་ཕྱིར་ཟབ་གཏེར་མང་དུ་སྤྱན་དྲངས་པ་གཏེར་འབྱུང་ལས་གསལ། སྦས་ཡུལ་པདྨོ་བཀོད་པ་གཙོས་མཐའ་དབུས་ཀྱི་གནས་ཆེན་མང་པོའི་ཞལ་ཕྱེས། གོང་གི་གཏེར་ཁ་རྣམས་དང་ལྷན་དུ་སྐུ་ཚབ་དང་ཕྱག་མཚན་དམ་རྫས་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། མདོར་ན་གནས་གཏེར་བརྒྱ་རྩ། མྱང་གྲོལ་སྟོང་རྩ་སོགས་ཀྱི་བཀའ་བབ་ཏུ་གསུངས་པ་ལྟར་ཕལ་ཆེར་མངོན་དུ་གྱུར། དགུང་ལོ་ཞེ་གཉིས་པར་སྡེ་དགེ་བླ་མ་བྱམས་པ་ཕུན་ཚོགས་ཁུ་དབོན་གྱིས་གདན་དྲངས། རྗེ་ཉིད་སྔར་བཞུགས་ཀྱི་གྲྭ་ཁང་དུ་བདུད་འདུལ་ལྷ་ཁང་དུ་གྲགས་པ་བཞེངས་ནས་བསྟན་སྲིད་ལ་ཕན་པའི་ལུང་དོན་བསྒྲུབ། ཀཿཐོག་རྡོ་རྗེ་གདན་ཡན་སྔ་འགྱུར་རྙིང་མའི་གདན་ས་རྣམས་སུ་ཞབས་བཀོད་ནས་སྐལ་ལྡན་གྱི་སློབ་མ་མང་པོ་རྗེས་སུ་བཟུང༌། འཛིང་རྣམ་རྒྱལ་དང་ཉེ་བའི་ནོབས་ཀྱི་ཕུ་སྟག་ཕུ་བྲག་རིང་དུ་རྒྱུན་རིང་ཙམ་བཞུགས་ཤིང་ཐུགས་དམ་མཛད་པའི་གཟིམས་སྤྱིལ་ད་ལྟའང་ཡོད། གླིང་ཚང་དུ་ཕྱག་ཕེབས་ནས་གླིང་དཔོན་པོ་དང་མཆོད་ཡོན་རྟེན་འབྲེལ་ལེགས་པར་འགྲིགས། ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་བུམ་སྒྲུབ་མཛད་སྐབས་རྟགས་མཚན་ངོ་མཚར་བསམ་ལས་འདས་པ་བྱུང་བའི་སྒྲུབ་རྒྱུན་ད་ལྟའང་མཆིས། བར་ཁམས། སྒ་སྟོད། བར་མ་ལྷ་སྟེང༌། རི་བོ་ཆེ་སོགས་སུ་རིམ་པར་གདན་དྲངས་པ་ལྟར་ཕེབས། བསྟན་འགྲོའི་དོན་མཐའ་ཡས་པ་མཛད། ཁྱད་པར་སྤོར་ནེ་བྲག་ཏུ་གནམ་ཆོས་མི་འགྱུར་རྡོ་རྗེ་དང་མཇལ་འཛོམ་ཆོས་གསན་རེས་སོགས་རྟེན་འབྲེལ་ལེགས་པར་འགྲིགས། དེ་དག་གི་མཚམས་སྦྱོར་གྲུབ་ཆེན་ཀརྨ་ཆགས་མེད་ཀྱིས་མཛད་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། ཆོས་བདག་གི་གཙོ་བོ་ལྷ་བཙུན་ཆེན་པོ་ནམ་མཁའ་འཇིགས་མེད། རིག་འཛིན་ཀློང་གསལ་སྙིང་པོ། རྦ་ཁ་སྤྲུལ་སྐུ་ཆོས་ཀྱི་རྒྱ་མཚོ། རྫོགས་ཆེན་པདྨ་རིག་འཛིན། ཀུན་བཟང་ཁྱབ་བདལ་ལྷུན་གྲུབ་དང༌། གྲུབ་ཆེན་པདྨ་ནོར་བུ་སོགས་ཏའུའི་ཕྱོགས་ཀྱི་རྡོ་རྗེ་འཛིན་པ་མང་པོས་མཚོན་མཐའ་ཡས་ཤིང༌། ཁྱད་པར་སྐུའི་གདུང་རྒྱུད་རྒྱལ་སྲས་ནོར་བུ་ཡོངས་གྲགས་སོགས་རིམ་པར་བྱོན་པས་ཆོས་བརྒྱུད་དང་ཕྲིན་ལས་མ་ཉམས་ཤིང་བདག་ཅག་གིས་ཀྱང་ཡོངས་སུ་རྫོགས་པར་ནོས་སོ།། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་སྦས་ཡུལ་པདྨོ་བཀོད་པའི་གནས་སྒོ་རགས་རིམ་ཙམ་གསལ་བར་མཛད་པའི་རྗེས། དགུང་ལོ་ང་བརྒྱད་པ་ཆུ་ཕོ་བྱི་བའི་ལོར་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་པའི་སྐབས་སྒྲ་དང་འོད་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ཆོ་འཕྲུལ་མཐའ་ཡས་ཤིང་། ཁྱད་པར་སྐུ་གདུང་ཡང་ཅུང་ཟད་ཙམ་མ་གཏོགས་འོད་དུ་ཡལ་བའི་ལྷག་མ་ཁྲུ་གང་ཙམ་ལུས་པ་ཕྱིས་ཞུགས་སུ་ཕུལ་བས་གདུང་ཆེན་ལྔ་དང་རིང་བསྲེལ་དུ་མའི་ཕུང་པོར་གྱུར་ཏོ།། ཀོང་སྤྲུལ་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ལས་དྲངས།