རིག་འཛིན་ངག་གི་དབང་པོ།
རིག་འཛིན་ངག་གི་དབང་པོ།/ རྡོ་བྲག་༸སྐྱབས་མགོན་རིག་འཛིན་ངག་གི་དབང་པོ།/རྡོ་བྲག་རིག་འཛིན་ཆེན་པོ། རིག་འཛིན་ལེགས་ལྡན་རྗེའི་སྐུ་སྐྱེ་དེ་མ་ཐག་པ་སྔ་འགྱུར་བའི་མ་དགོན་དྲུག་གི་ཡ་གྱལ་དབུས་ཐུབ་བསྟན་རྡོ་རྗེ་བྲག་ཕྱག་འདེབས་མཛད་པོ་སྟེ། དབུས་གཡོན་རུ་གྲ་ཕྱིའི་ཕུ་ཆོས་ལྡིངས་དགོན་པར་རབ་བྱུང་བཅུ་པའི་ལྕགས་ཕོ་འབྲུག་ཕྱི་ལོ་༡༥༨༠ལོར་བྱང་བདག་ཡབ་སྲས་གཉིས་སུ་གྲགས་པའི་སྲས་འདི་ཉིད་གོང་མ་ལེགས་ལྡན་རྗེའི་བཀའ་ལུང་བཞིན། ཡབ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དང་ཡུམ་འཕྱོངས་རྒྱས་ལྕམ་ཡིད་འཛིན་དབང་མོའི་སྲས་སུ་འཁྲུངས། འབྲི་གུང་ཆོས་རྒྱལ་ཕུན་ཚོགས་ལ་གཙུག་ཕུད་ཕུལ། མཚན་ངག་དབང་རིག་འཛིན་རྡོ་རྗེ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། བླ་མ་གཞན་བསྟེན་མ་དགོས་པར་ཡབ་ཉིད་ལས་ཐུན་མོང་ཐུན་མིན་གྱི་ཟབ་ཆོས་མ་ལུས་པར་གསན་བསམ་མཛད། རྟེན་གསུམ་ལྡན་སྔགས་འཆང་རྡོ་རྗེ་འཛིན་པར་བཞུགས། ཡར་ལུང་ཤེལ་བྲག་སོགས་སུ་སྒོམ་ཞིང་ཉམས་རྟོགས་མཐར་ཕྱིན་ཚུལ་ལྔ་པ་ཆེན་པོས། བྱང་པ་རིག་འཛིན་འདི་ཉིད་ལྟ་བ་རྒྱབ་ཀྱི་གདེངས་དང་ལྡན། གཉེན་པོ་སྟོབས་ཀྱི་བསྐྱེད་རིམ་ངང་བསྙེན་སྒྲུབ་མཐར་ཕྱིན། མན་ངག་ལ་ནང་བྱན་ཆུད། སྡེ་བརྒྱད་བྲན་ལྟར་བཀོལ་ཞེས་བྱུང་བ་བཞིན་གྲུབ་པའི་གོ་འཕངས་མཐོན་པོར་གཤེགས། ཧས་པོ་རིའི་རྩེ་ནས་སྐུ་རྟེན་ཞིག་དང་། ཀོང་པོ་གཉོས་ནས་ཐུགས་རྗེ་ཆེན་པོའི་ཆོས་གཏེར་བཞེས། སྔ་ཕྱི་ལན་གཉིས་ཙམ་རྒྱ་ཧ་ཀ་ལིང་ཙེ་ཡན་ཆད་དུ་འགྲོ་དོན་ལ་ཕེབས། ཁམས་ཕྱོགས་སུ་བྱོན་ནས་སོག་དམག་ཟློག་པ་དང་འཁྲུགས་ལོང་ཞེ་འཁོན་འདུམས་པ་སོགས་བོད་ཆེན་པོའི་བདེ་ཐབས་ལ་ཐུགས་ཁུར་ཤིན་ཏུ་ཆེ། ཡར་བྱོན་ནས་རབ་བྱུང་བཅུ་པའི་ལྕགས་ཁྱི་ཕྱི་ལོ་༡༦༡༠ལོར་ཤེལ་གྲོང་དང་འོན་སྨན་ལྡིངས་ཀྱི་གྲྭ་ཚང་ཁག་ཕྱོགས་གཅིག་ཏུ་བསྒྲིལ་ནས་གུ་རུ་པདྨའི་ཨེ་ཝཾ་ལྕོག་སྒར་རྡོ་རྗེ་བྲག་གི་གདན་ས་གསར་དུ་ཕྱག་བཏབ་ཅིང་རྗེ་ཉིད་གདན་རབས་དང་པོར་བཞུགས། བསྐྱེད་རྫོགས་སྒྲུབ་འཕྲིན་ཕྱག་བཞེས་མཐའ་དག་བྱང་གཏེར་གཙོ་བོར་བྱས་པའི་བཤད་སྒྲུབ་ཀྱི་རྒྱུན་བཙུགས། དེ་ནས་བཟུང་ད་བར་བྱང་བདག་ཡབ་སྲས་ཀྱི་ཕྱག་བཞེས་ཞེས་མ་དགོན་རྡོ་རྗེ་བྲག་ཏུ་ད་བར་མ་ཉམས་པར་ཡོད། མདོ་སྔགས་ཀྱི་གྲྭ་ཁང་ཤར་བརྒྱ་ནུབ་བརྒྱ་ཚུགས་ཏེ་འདུས་ཚོགས་འཕེལ་ཞིང་འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱས། རྒྱལ་དབང་ལྔ་པ་ཆེན་པོའི་ཡོངས་འཛིན་མཛད་པ་སོགས་བོད་ཆེ་དགུ་ཀུན་གྱི་མགོན་དང་གསང་སྔགས་རྙིང་མའི་བསྟན་པའི་སྲོག་ཤིང་གཅིག་པུར་འགྱུར། རབ་བྱུང་བཅུ་པའི་ས་ཡོས་ཕྱི་ལོ་༡༦༣༩ནག་ཟླའི་ཚེས་བཅུའི་ཉིན་དགོངས་པ་ཞི་བར་གཤེགས། འདས་རྗེས་ཡོལ་མོ་པ་སྤྲུལ་སྐུ་བསྟན་འཛིན་ནོར་བུས་སྒྲུབ་ཞིང་ཞལ་གདམས་བཞིན་མཛད་པའི་འཕྲོ་འདིས་བསྐྱངས། ཞལ་སློབ་གཙོ་བོ་རིག་འཛིན་ཡོལ་མོ་པ་བསྟན་འཛིན་ནོར་བུ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ལྔ་པ་ཆེན་པོ། འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས། ཆོས་ཀྱི་གྲགས་པ་འཕྲིན་ལས་རྣམ་རྒྱལ་མཆེད་གཉིས་སོགས་མང་དུ་བཞུགས།
ཁུངས་ལུང་། སྐབས་འདིར་སྐུ་གཤེགས་པའི་དུས་ཚིགས་བྱ་བཏང་ཕྱག་རྡོར་ནོར་བུས་ཚེས་བཅུ་གཅིག་ལ་བཞེད་པའང་སྣང་། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེས་མཛད་པའི་རྡོ་རྗེ་བྲག་གི་གདན་རབས་ལོ་རྒྱུས་མདོར་བསྡུས།ཤོག་ངོས་10 / བདུད་འཇོམས་ཆོས་འབྱུང་དར་ཐང་པར་མ་དེབ་གཟུགས་ལེའུ་6 ཤོག་ངོས་581 ཡིག་ཕྲེང་ 8 / གོང་ས་ལྔ་པའི་གསུང་ངག་གི་དབང་པོའི་རྣམ་ཐར།ཤོག་ངོས། / བྱ་བཏང་ཕྱག་རྡོར་ནོར་བུས་མཛད་པའི་བྱང་གཏེར་བླ་བརྒྱུད་རྣམ་ཐར་བསམ་འཕེལ་མ་ཎི་ཀའི་འཕྲེང་བ། / 1990ལོའི་མཚོ་སྔོན་མི་རིགས་པར་མ།གུ་བཀྲ་ཆོས་འབྱུང་།ཤོག་ངོས་670 / ཡིག་ཕྲེང་20 / སིམ་ལ་རྡོ་རྗེ་བྲག་བྱང་གཏེར་ཆོས་བརྒྱུད་སྨོན་ལམ་ཚིག་མཛོད་ལས་གཞིའི་མི་སྣ་ངོ་སྤྲོད།
གནས་སྐབས་ཟུར་བརྗོད་མཆན་བུ། བརྩམས་ཆོས་མི་གསལ། / འཁྲུངས་ཡུལ་གཡོན་རུ་གྲ་ཕྱི་རུ་གཏོགས་ན་དེང་སང་བོད་ལྗོངས་ཀྱི་ཆ་བགོས་ས་མིང་ལྟར་ན་ལྷོ་ཁ་གྲ་ནང་རྫོང་གྲྭ་ཕྱི་ཤང་ཐར་པ་གླིང་གྲོང་ཚོ་ཞེས་འབོད།