Jump to content

རིག་པ་རང་ཤར་ཆེན་པོའི་རྒྱུད་ཅེས་བྱ་བ།

ཡོང་ཁུངས་Wikipedia

༄༅། །རིག་པ་རང་ཤར་ཆེན་པོའི་རྒྱུད་ཅེས་བྱ་བནི། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་རྙིང་མ་བའི་ཁྱད་ཆོས་རྫོགས་པ་ཆེན་པོ་མན་ངག་སྡེའི་རྒྱུད་གཙོ་བོ་བཅུ་བདུན་གྱི་ནང་ཚན་ཞིག་ཡིན། གཞུང་འདིས་རིག་པ་ཡེ་ཤེས་ཀྱི་རང་བཞིན་དང་དེའི་རྩལ་ལས་ཆོས་ཐམས་ཅད་རང་ཤར་དུ་འབྱུང་བའི་ཚུལ་རྒྱ་ཆེར་སྟོན་ཅིང་། གཞི་ལམ་འབྲས་བུའི་རྣམ་བཞག་སྒོས་སུ་གཞི་དང་པོའི་འཁྲུལ་ཚུལ་ནས་མཐར་ཐུག་སངས་རྒྱས་ཀྱི་སར་བགྲོད་པའི་ལམ་གྱི་རིམ་པ་ཆ་ཚང་ཞིང་རྒྱས་པར་གསུངས་ཡོད། རྒྱུད་འདི་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་བོད་དུ་བསྒྱུར་བར་གྲགས་ཤིང་། རྙིང་མའི་བསྟན་པའི་ནང་གཞུང་ལུགས་ཀྱི་གནད་དང་ལག་ལེན་གྱི་ཕྱག་བཞེས་གཉིས་ཀའི་ཆ་ནས་གལ་གནད་ཆེན་པོ་བཟུང་ཡོད།


གཞུང་གི་རྒྱུ་ཆ་ཞིབ་ཕྲ།

[རྩོམ་སྒྲིག]
  • མཚན་བྱང་། གཞུང་འདི་ལ་མཚན་བྱང་མང་པོ་ཡོད་པ་སྟེ།
    • རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ས་མཱ་དྷི་པ་རི་བྷཱ་ཥཱ། ཛྙཱ་ན་ས་མུ་དཱ་ཡ་སཱུ་ཏྲ། མ་ཧཱ་ཡཱ་ན་གུ་ཧྱཱ་ནུཏྟ་ར་ཏནྟྲ། སརྦ་དྷརྨཱ་ཀ་ར། སརྦ་བུདྡྷ་ཉ་ཤ་ཡཾ། མཻནྟྲ་ཀ་ཛྙཱ་ན། མ་ཧཱ་སནྟྱ་རྠ་པྲ་ཀ་ཊ་ཏནྟ། བིདྱཱ་སཱོ་ད་ཡ་མ་ཧཱ་ཏནྟྲ་ནཱ་མ།
    • བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཡོངས་སུ་བཤད་པ། ཡེ་ཤེས་འདུས་པའི་མདོ། ཐེག་པ་ཆེན་པོ། གསང་བ་བླ་ན་མེད་པའི་རྒྱུད། ཆོས་ཐམས་ཅད་ཀྱི་འབྱུང་གནས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། གསང་སྔགས་གཅིག་པའི་ཡེ་ཤེས། རྫོགས་པ་ཆེན་པོའི་དོན་གསལ་བར་བྱེད་པའི་རྒྱུད། རིག་པ་རང་ཤར་ཆེན་པོའི་རྒྱུད།
    • དབྱིན་ཇིའི་སྐད། The Tantra of Self-arising Primordial Awareness.
  • མཛད་པ་པོ་དང་འགྱུར་བྱང་། རྫོགས་ཆེན་གྱི་རྒྱུད་རྣམས་ནི་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པ་ལས་བྱུང་བར་འདོད་པས་མཛད་པ་པོ་བྱེ་བྲག་པ་མེད། བོད་དུ་བསྒྱུར་མཁན་ནི་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་གསུམ་གྱིས་བསམ་ཡས་སུ་བསྒྱུར་ཅིང་གཏན་ལ་ཕབ་པར་མཛད། གཞུང་གི་མཇུག་བྱང་ལྟར་ན། ཕྱིས་སུ་རྒྱུད་འདི་ཉང་བན་ཏིང་ངེ་འཛིན་བཟང་པོས་ཞའི་ལྷ་ཁང་དུ་གཏེར་དུ་སྦས་པ་ལ། ལྕེ་བཙུན་སེང་གེ་དབང་ཕྱུག་གིས་གཏེར་ནས་བཏོན་པའི་ལོ་རྒྱུས་ཀྱང་འབྱུང་།
  • བརྩམས་པའི་དུས་སྐབས། བོད་དུ་བསྒྱུར་བའི་དུས་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཏེ་དུས་རབས་བརྒྱད་པའི་དུས་སྨད་ནས་དུས་རབས་དགུ་པའི་དུས་འགོར་ཡིན།
  • གཞུང་གི་གྲུབ་ཆ། རྒྱུད་འདི་ནི་བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་པའི་གཞུང་ཆེན་ཞིག་ཡིན་ལ། སྡོམ་བྱང་ལྟར་ན། ལེའུ་བརྒྱད་ཅུ་གྱ་དྲུག་གིས་གྲུབ་ཡོད། ལེའུ་རེ་རེ་བཞིན་དུ་གནད་དོན་བྱེ་བྲག་པ་ཞིག་གི་ཐོག་ནས་གཞུང་གི་དགོངས་དོན་རིམ་པར་བཀྲོལ་ཡོད།

གཞུང་གི་བརྗོད་བྱ་གཙོ་བོ།

[རྩོམ་སྒྲིག]

རྒྱུད་འདིའི་བརྗོད་བྱ་གཙོ་བོ་ནི་གཞི་ལམ་འབྲས་བུའི་རྣམ་བཞག་ཆ་ཚང་བ་ཞིག་སྟོན་པ་དེ་ཡིན།

  • ལེའུ་ ༡-༢། གླེང་གཞི་དང་གླེང་བསློང་། ཐོག་མར་ཕྱོགས་བཅུའི་སྤྲུལ་པའི་ཞིང་ཁམས་ཏེ། ཞི་བའི་ཞིང་ཁམས་བཞི་དང་། ཁྲོ་བོའི་ཞིང་ཁམས་དུར་ཁྲོད་ཆེན་པོ། དེ་བཞིན་ལས་མ་དག་པའི་འགྲོ་བ་རིགས་དྲུག་གི་གནས་བཅས་ཀྱི་བཀོད་པ་རྒྱ་ཆེར་བསྟན་ནས། འཁོར་བ་དང་མྱ་ངན་ལས་འདས་པའི་སྣང་ཚུལ་ཐམས་ཅད་རིག་པའི་རྩལ་ལས་ཤར་བའི་གཞི་བཏིང་ཡོད། དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་སྟོན་པའོ།།
  • ལེའུ་ ༣-༡༠། ལྟ་སྒོམ་སྤྱོད་གསུམ་དང་དབང་དང་དམ་ཚིག འདིར་ཐེག་པ་རིམ་པ་དགུའི་ལྟ་བ། སྒོམ་པ། སྤྱོད་པ་བཅས་ཀྱི་ཁྱད་པར་རིམ་པར་བསྟན་ཅིང་། ཁྱད་པར་དུ་རྫོགས་པ་ཆེན་པོའི་ལྟ་བ་གཟུང་འཛིན་ལས་འདས་པ། སྒོམ་པ་བྱ་རྩོལ་དང་བྲལ་བ། སྤྱོད་པ་ཆགས་ཞེན་མེད་པའི་ཚུལ་བསྟན་ཡོད། དེ་ནས་གསང་སྔགས་ཀྱི་ལམ་ལ་འཇུག་པའི་སྒོ་སྟེ་དབང་གི་རིམ་པ་དང་། དབང་ཐོབ་ནས་བསྲུང་བྱ་དམ་ཚིག་གི་སྐོར་ཞིབ་རྒྱས་སུ་གསུངས་ཡོད།
  • ལེའུ་ ༡༡-༢༠། སྐུ་དང་ཡེ་ཤེས་ཀྱི་རྣམ་བཞག འདི་ནི་གཞུང་འདིའི་དགོངས་པའི་སྙིང་པོ་ལྟ་བུ་ཡིན་ཏེ། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་གི་ངོ་བོ་སྟེ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་བཅས་སྐུ་གསུམ་གྱི་མཚན་ཉིད། དེ་དག་གཅིག་ཏུ་འདུས་པའི་ཚུལ། དེ་བཞིན་དུ་སྐུ་ལྔ་ཡེ་ཤེས་ལྔ། འོད་ལྔ། འབྱུང་བ་ལྔ་བཅས་ཀྱི་རྣམ་བཞག་རྣམས་རིག་པ་རང་གི་ངོ་བོ་དང་རྩལ་ལས་ཇི་ལྟར་འཆར་ཚུལ་གཏན་ལ་ཕབ་ཡོད།
  • ལེའུ་ ༢༡-༨༦། གཞུང་དོན་རྒྱས་པར་བཤད་པ། ལེའུ་ལྷག་མ་རྣམས་ཀྱིས་གོང་གསལ་གྱི་དོན་རྣམས་སྔར་བས་རྒྱས་པར་བཀྲོལ་ཡོད། དེའི་ནང་དུས་གསུམ་སངས་རྒྱས་ཀྱི་དགོངས་པ། སེམས་ཅན་གྱི་གྲོལ་ཚུལ་དང་འཁྲུལ་ཚུལ། བར་དོའི་གནས་སྐབས། ཐེག་པ་རིམ་དགུའི་གྲུབ་མཐའི་ཁྱད་པར། གཞི་དང་པོ་ནས་འཁྲུལ་པ་ཇི་ལྟར་བྱུང་ཚུལ། སྐུ་དང་ཡེ་ཤེས་སེམས་ཅན་གྱི་རྒྱུད་ལ་ཇི་ལྟར་གནས་ཚུལ། དཔེ་དང་བརྡའི་སྒོ་ནས་གསང་དོན་མཚོན་ཚུལ། མ་འོངས་པའི་ལུང་བསྟན། རྒྱུད་གཏད་པའི་མཛད་པ་སོགས་བརྗོད་བྱ་ཤིན་ཏུ་རྒྱ་ཆེ་བ་འདུས་ཡོད།

ལྟ་གྲུབ་ཀྱི་གནད་འགག

[རྩོམ་སྒྲིག]
  • རིག་པ་རང་ཤར། རྒྱུད་ཀྱི་མཚན་བྱང་ལྟར། བརྗོད་བྱའི་སྙིང་པོ་ནི་རིག་པ་སྟེ་གདོད་མའི་ཡེ་ཤེས་དེ་ཉིད་གཞི་ལ་ལྷུན་གྱིས་གྲུབ་ཅིང་། དེའི་རྩལ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ཤར་དུ་འབྱུང་བ་ལས་གཞན་ནས་བཙལ་དུ་མེད་པར་སྟོན་པ་དེ་ཡིན།
  • ཀ་དག་དང་ལྷུན་གྲུབ། གཞི་ཀ་དག་གི་ངང་ལས་ཡེ་ཤེས་ལྷུན་གྲུབ་ཀྱི་སྣང་བ་ཇི་ལྟར་འཆར་ཚུལ་ཞིབ་པར་བསྟན་ཅིང་། སེམས་ཅན་རྣམས་མ་རིག་པས་སྣང་བ་དེ་ལ་འཁྲུལ་ནས་འཁོར་བར་འཁྱམས་པ་དང་། སངས་རྒྱས་རྣམས་ཀྱིས་རང་ངོ་ཤེས་པས་མངོན་པར་བྱང་ཆུབ་པའི་ཚུལ་གསལ་པོར་བསྟན་ཡོད།
  • གཞི་ལམ་འབྲས་བུ་དབྱེར་མེད། གཞི་སངས་རྒྱས་ཀྱི་སྙིང་པོ་དེ་ཉིད་ལམ་དུ་ཉམས་སུ་བླངས་ནས་མཐར་འབྲས་བུ་སྐུ་གསུམ་མངོན་དུ་བྱེད་པ་སྟེ། གཞི་ལམ་འབྲས་བུ་གསུམ་ངོ་བོ་དབྱེར་མེད་དུ་སྟོན་པ་ནི་གཞུང་འདིའི་ཁྱད་ཆོས་གཙོ་བོ་ཞིག་ཡིན།

ཐུན་མོང་མ་ཡིན་པའི་ཁྱད་ཆོས།

[རྩོམ་སྒྲིག]

༡། བརྗོད་བྱ་ཆ་ཚང་བ། རྒྱུད་འདིས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་རྣམ་བཞག་ཙམ་མ་ཟད། འཇིག་རྟེན་ཁམས་ཀྱི་ཆགས་ཚུལ། ཐེག་པ་རིམ་དགུའི་གྲུབ་མཐའི་ཁྱད་པར། དབང་དང་དམ་ཚིག བར་དོའི་གནས་སྐབས་སོགས་སྤྱི་དང་བྱེ་བྲག་གི་གནད་མང་པོ་ཞིག་ཆ་ཚང་བར་བསྡུས་ཡོད།

༢། གསལ་བཤད་ཞིབ་ཚགས། ལྷག་པར་དུ་སྐུ་ལྔ། ཡེ་ཤེས་ལྔ། འོད་ལྔ། འབྱུང་བ་ལྔ་བཅས་ཀྱི་རྣམ་བཞག་རྣམས་ཕན་ཚུན་འབྲེལ་བ་དམ་ཟབ་ཏུ་བསྟན་ནས་གཏན་ལ་ཕབ་པ་ནི་གཞུང་འདིའི་ཁྱད་ཆོས་གལ་ཆེན་ཞིག་ཡིན།

༣། རྩོམ་གྱི་སྒྲིག་གཞི་གསལ་བ། རྒྱུད་འདི་ལེའུ་མང་པོར་ཕྱེ་ནས་གནད་དོན་རེ་རེ་བཞིན་གོ་རིམ་ལྡན་པའི་སྒོ་ནས་བསྟན་པ་དང་། ཞུ་བ་པོ་དང་ལན་འདེབས་མཁན་གྱི་ཚུལ་དུ་བྲིས་པས་ཀློག་པ་པོའི་རྒྱུད་ལ་གོ་བ་སྐྱེ་སླ་བའི་ཁྱད་ཆོས་ལྡན།

དཔྱད་གཞིའི་ཡིག་ཆ་དང་འབྲེལ་ཡོད་དྲ་ཐག

[རྩོམ་སྒྲིག]