Jump to content

རི་ཁ་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་།

ཡོང་ཁུངས་Wikipedia

རི་ཁ་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་ངམ། ཡོངས་གྲགས་སུ་རི་ཁ་དགོན(བོད་ལྗོངས་ཀོང་པོ་ཉིང་ཁྲི་ས་ཁུལ་རྒྱ་མདའ་རྫོང་གི་ཁོངས་སུ་གནས)ཞེས་འབོད་པའི་དགོན་པ་འདིའི་བྱུང་ཚུལ་རགས་ཙམ་ནི། དུས་རབས་བཅུ་གཅིག་པའི་འཇུག་ཙམ་ལ། བཀའ་གདམས་པའི་དགེ་བཤེས་པོ་ཏོ་བ་ཆེན་པོའི་དངོས་སློབ་དགེ་བཤེས་རི་མཁར་བས་ཕྱག་བཏབ་པའི་བཀའ་གདམས་ལུགས་ཀྱི་དགོན་རྙིང་ཞིག་ཡིན། དུས་རབས་བཅུ་བཞི་པའི་དཀྱིལ་སྟོད་དུ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཙ་རི་ནས་ཉང་པོ་བརྒྱུད་ཕེབས་སྐབས། དབུ་ཞྭ་དང་ཕྱག་མཁར་ཉང་ཆུའི་ནང་ལྷུང་བས། རྗེ་བླ་མས། ངའི་ཞྭ་འདི་གང་དུ་ཆགས་པའི་སར་དབུ་མའི་བཤད་གྲྭ་དང་། མཁར་བ་གང་དུ་ཆགས་པའི་སར་ཕར་ཕྱིན་གྱི་བཤད་གྲྭ་འབྱུང་ཞེས་བཀའ་ཕེབས་པ་བཞིན་ཕྱག་མཁར་རི་ཁ་དགོན་པའི་མདུན་ངོས་ཆུ་འགྲམ་ཞིག་ཏུ་ཆགས་པ་དེ་སྔོན་དགོན་པ་འདིའི་རྟེན་གཙོ་རྒྱལ་བ་བྱམས་པའི་སྐུ་བརྙན་ཐོག་ཚད་མ་ཞིག་ཡོད་པ་དེའི་སྲོག་ཤིང་དང་མཉམ་དུ་གཟུངས་སུ་བཞུགས། རྗེ་ཙོང་ཁ་པའི་དངོས་སློབ་དགེ་བཤེས་གྲགས་པ་འོད་ཟེར་གྱིས་རི་བོ་དགའ་ལྡན་པའི་ཆོས་ལུགས་སུ་བསྒྱུར་ནས་ཕར་ཕྱིན་གྱི་འཆད་ཉན་དང་། གསང་བདེ་འཇིགས་གསུམ་གྱི་སྒྲུབ་མཆོད། ཆོས་སྐྱོང་མགོན་ཆོས་རྣམ་སྲས་གསུམ་གྱི་བསྐང་གསོ་སོགས་འཛུགས་གནང་མཛད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བོད་ས་གནས་ཀྱི་ཆོས་སྲིད་འགན་བཞེས་གནང་སྐབས་རི་ཁ་དགོན་འདིའི་མཁན་པོ་ཀོང་པོ་དུང་དཀར་མཆོག་སྤྲུལ་སྐུ་ཕྲེང་གསུམ་པ་ཚངས་དབྱངས་འབྲུག་གྲགས་ལ་བཀའ་གནང་སྟེ་པེ་ཅིན་དུ་གོང་མ་ཁང་ཤིས་མཆོག་ལ་མཚམས་འདྲིར་གཏོང་གནང་མཛད་པ་བཞིན། པེ་ཅིང་དུ་ཕེབས་ནས་གཞུང་དོན་མཛད་སྒོ་ལེགས་འགྲུབ་བྱུང་བའི་ལེགས་སྐྱེས་སུ། གོང་མ་ཁང་ཤིས་དབུ་ཞྭ་དང་། ཨེར་ཏི་ནི་མཁན་པོ་ཞེས་པའི་འཇལ་ས་གནང་ཞིང་། བོད་དུ་ཕེབས་རྗེས་གཟིགས་བཟོས་སུ་རི་ཁ་དགོན་གྱི་མཁན་འཛིན་གོ་གནས་རྣམས་སྐུ་ཕྲེང་རིམ་བྱུང་ལ་གཏན་འཇགས་ཀྱི་བཀའ་ཤོག་བརྩལ་བ་ནས། དུང་དཀར་མཆོག་སྤྲུལ་སྐུ་ཕྲེང་གསུམ་པ་དང་བཞི་པ་ངག་དབང་སྙན་གྲགས་རྒྱ་མཚོ། ལྔ་པ་ངག་དབང་ཆོས་གྲགས་རྒྱ་མཚོ་བཅས་སྐུ་ཕྲེང་གསུམ་གྱི་བར་དགོན་པ་འདིའི་མཁན་འཛིན་གནང་། དགོན་འདིའི་མཁན་པོ་བློ་བཟང་ངག་དབང་སྐབས་སུ་གསང་སྔགས་ཀྱི་ཆོ་ག་ཕྱག་ལེན་རྣམས་རྒྱུད་སྨད་གྲྭ་ཚང་གི་ཕྱག་བཞེས་ཇི་ལྟ་བ་བཞིན་གསར་འཛུགས་གནང་ཞིང། སྐབས་དེར་གྲྭ་གྲངས་བརྒྱ་དང་ལྔ་བཅུ་ལྷག་ཙམ་ཡོད་པའི་ཐོག གཞུང་ཆེན་པོའི་སློབ་གཉེར་བྱེད་མཁན་གྱི་གྲྭ་རྒྱུན་རྣམས་དགའ་ལྡན་དང་། འབྲས་སྤུངས། སེ་ར། དྭགས་པོ་བཤད་སྒྲུབ་གླིང་། འོན་མདའ་མངའ་རིས་གྲྭ་ཚང་བཅས་སུ་འགྲོ་སྲོལ་ཡོད། མཆོད་རྒྱུན་གཞིས་ཁ་དང་། འབྲོག་སྡེ་བཅས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་པོ་ལྷ་བཟང་། ཕོ་ལྷ་བསོད་ནམས་སྟོབས་རྒྱས་བཅས་ཀྱི་སྐབས་རིམ་བཞིན་གཏན་འཇགས་གནང་བ་དང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་ཐོབ་རྗེས་དམངས་གཙོའི་བཅོས་བསྒྱུར་གྱི་བསྐྱར་ཞིབ་འགོ་མ་ཚུགས་བར་དགོན་འདི་རྒྱལ་གཅེས་ཁྲིམས་སྲུང་གི་ཡར་ཐོན་དགོན་པའི་ཁོངས་སུ་ཚུད་པ་དང་། དགོན་པ་དེར་དེ་སྔ་ནང་རྟེན་གཙོ་བོ་མན་ཆིང་གོང་མ་ཁང་ཤིས་དུང་དཀར་ཚངས་དབྱངས་འབྲུག་གྲགས་ལ་གནང་བའི་དབུ་ཞྭའི་མེ་ཏོག་པདྨ་ར་ཀ་སོར་དྲུག་ཙམ་ཞིག་དང་། ཞལ་དཀར། མིང་རྒྱལ་རབས་ཀྱི་སྐབས་ནན་ཅིན་དུ་དཔར་བསྐྲུན་བྱས་བོད་ཡིག་གི་བཀའ་འགྱུར་ཞལ་བྱང་། རྡ་གྲུ་དཀར་པོའི་ཐོག་རྒྱ་ཡིག་དང་སོག་ཡིག་ཤན་སྦྱར་གྱི་འཇམ་ས་གསེར་ཐམ་འཁོད་པ་བཅས་དང་། ད་དུང་བཀའ་འགྱུར་ལྷ་ཁང་ནང་དུང་དཀར་སྐུ་ཕྲེང་གསུམ་པ་ཚངས་དབྱངས་འབྲུག་གྲགས་དང་། བཞི་པ་ངག་དབང་སྙན་གྲགས་རྒྱ་མཚོ། ལྔ་པ་ངག་དབང་ཆོས་གྲགས་རྒྱ་མཚོ་བཅས་ཀྱི་གདུང་རྟེན་གངུལ་ཐོག་ཚད་མ་གསུམ་བཅས་ཡོད་པ་དེ་དག་རིག་གནས་གསར་བརྗེའི་ལས་འགུལ་མ་བྱུང་བར་དངོས་སུ་མཇལ་རྒྱུ་ཡོད་པ་བཅས་ངོ་སྤྲོད་མདོར་བསྡུས་ཙམ་ལགས།༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།