Jump to content

རལ་ཁ་

ཡོང་ཁུངས་Wikipedia

རལ་ཁ་ཞེས་པ་ནི་གཡུལ་ངོར་རལ་གྲིའི་གཅོད་རེས་སྤྲད་པ་ལ་གོ། སྤྱོད་འཇུག་གི་འགྲེལ་པ་ཁག་ཏུ་བག་ཡོད་ལྷུར་བླང་བའི་དཔེ་དོན་དུ་འཐབ་མོ་བྱེད་མཁན་གྱིས་དགྲ་བོ་དང་གཡུལ་སྤྲད་པའི་ཚེ་རལ་གྲིའི་གཅོད་རེས་སྤྲད་པ་དེ་རལ་ཁ་ལྷགས་པ་ཞེས་བརྗོད་པ་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

རལ་ཁ་ནི་རལ་གྲི་དང་ཁ་གཉིས་ཀྱི་འདུས་ཚིག་ཡིན། ཁ་ཞེས་པ་ནི་ཁར་རེས་སྤྲད་པའམ་གཏུབ་པ་ལ་གོ །རལ་ཁ་ལྷགས་པ་ཞེས་པ་ནི་རལ་གྲིའི་གཅོད་རེས་ཚུར་ཕར་སྤྲད་པའམ་གཏུབ་པ་ལ་གོ་དགོས།

ནང་དོན།

[རྩོམ་སྒྲིག]

གཡུལ་ངོར་རལ་གྲིའི་གཅོད་རེས་སྤྲད་པ། "འཐབ་མོ་བ་རྙིང་པ་མཚོན་ཆའི་ལས་དང་དགྲ་ཐབས་ལ་མཁས་པའི་སྐྱེ་བོ་དགྲ་དང་ལྷན་ཅིག་ཏུ་གཡུལ་ངོར་རལ་ཁ་ལྷགས་པའི་ཚེ་ན་རང་མཚོན་ལས་བཟུར་ཞིང༌། དགྲ་ལ་མཚོན་འདེབས་པ་"[]ཞེས་གསུངས་པ་ལྟར། འཐབ་མོ་བྱེད་མཁན་གྱིས་དགྲ་བོ་དང་གཡུལ་ངོར་རལ་གྲི་དང་རལ་གྲིའི་ཁར་རེས་སྤྲད་པའི་ལས་ལ་ཟེར།

གོམས་པ་དང་མཁས་པ་ལ་བརྟེན་པ། "དཔེར་ན་འཐབ་མོ་བྱེད་པའི་ལས་དེ་ལ་སྔ་ནས་གོམས་ཤིང་འདྲིས་པས་རྙིང་པར་གྱུར་པ་མཚོན་ཆའི་ལས་དང་དགྲ་ཐབས་ལ་མཁས་པའི་སྐྱེ་བོ་དག་ཕ་རོལ་གྱི་དགྲ་དང་ལྷན་ཅིག་ཏུ་གཡུལ་ངོར་རལ་ཁ་ལྷགས་པའམ་རལ་ཁ་འགྱེད་པ་"[]ཞེས་གསུངས་པ་ལྟར། འཐབ་མོ་བྱེད་པའི་ལས་ལ་རྙིང་པར་གོམས་ཤིང་མཁས་པ་རྣམས་ཀྱིས་གཡུལ་ངོར་རལ་ཁ་ལྷགས་པ་སམ་རལ་ཁ་འགྱེད་པ་ཞེས་བྱེད།

རལ་གྲི་ཤོར་ནས་མྱུར་དུ་ལེན་པ། "གཡུལ་དུ་ལག་ནས་རལ་གྲི་ལྷུང་བར་གྱུར་ན་གཞན་གྱིས་བསད་དོགས་པའི་འཇིགས་པས་མྱུར་དུ་ལེན་པ་"[]ཞེས་གསུངས་པ་ལྟར། གཡུལ་ངོར་རལ་ཁ་ལྷགས་པའི་ཚེ་རལ་གྲི་ཤོར་ནས་ལྷུང་བ་ན་དགྲས་བསད་ཀྱིས་དོགས་པའི་འཇིགས་པས་མྱུར་དུ་བླང་དགོས།

རང་སྲུང་དང་གཞན་འཇོམས་པ། "དགྲ་དང་ལྷན་ཅིག་ཏུ་གཡུལ་ངོར་རལ་ཁ་ལྷགས་པ་ན་རང་ལ་མཚོན་གྱིས་མི་འཕོག་པ་དང་ཕར་འཇོམས་པར་བྱེད་པ་"[]ཞེས་གསུངས་པ་ལྟར། གཡུལ་ངོར་རལ་ཁ་ལྷགས་པ་ན་རང་ལ་མཚོན་ཆས་མི་ཕོག་པར་བཟུར་ཞིང་ཕར་དགྲ་བོ་ལ་འཇོམས་པར་བྱེད་དགོས།

དཔེ་དོན།

[རྩོམ་སྒྲིག]

སྤྱོད་འཇུག་གི་འགྲེལ་པ་ཁག་ཏུ་བརྩོན་འགྲུས་དང་བག་ཡོད་ལྷུར་བླང་བའི་དཔེ་དོན་དུ་རལ་ཁ་ཞེས་པའི་ཚིག་འདི་སྤྱོད་པ་ཡིན། "དཔེར་ན་འཐབ་མོ་རྙིང་པ་དེ་ལ་ཤིན་ཏུ་གོམས་པ་དག་དགྲ་དང་ལྷན་ཅིག་ཏུ་གཡུལ་ངོར་རལ་ཁ་ལྷགས་པ་ན་རང་ལ་མཚོན་གྱིས་མི་འཕོག་པ་དང་ཕར་འཇོམས་པར་བྱེད་པ་ལྟར། ཉོན་མོངས་མཚོན་ལས་གཟུར་བར་བྱ་ཞིང་ཉོན་མོངས་རྣམས་ནི་འཇེབས་པར་བཏགས་ཏེ་དེས་སླར་གནོད་མི་ནུས་པར་བྱའོ། །"[]ཞེས་གསུངས་པ་ལྟར། ཉོན་མོངས་པའི་གཉེན་པོར་བག་ཡོད་དེ་བསྟེན་དགོས་པའི་ཚུལ་སྟོན། གཞན་ཡང་"ཉོན་མོངས་པའི་དགྲ་ལས་རྣམ་པར་རྒྱལ་བའི་དབང་དུ་བྱས་ཏེ་རལ་གྲི་བཞིན་དུ་བརྗེད་ངས་པ་མེད་པར་དྲན་པ་མ་ཉམས་པར་བཟུང་བར་བྱས་ཤིང་མངོན་དུ་བྱའོ། །"[]ཞེས་གསུངས་པ་ལྟར་བརྩོན་འགྲུས་དང་བག་ཡོད། དྲན་ཤེས་ཀྱི་བྱ་བ་སྒྲུབ་པ་ལྷུར་བླང་ནས་ཉོན་མོངས་པའི་མཚོན་ཆ་སོགས་འཇོམས་པར་བྱེད་པའི་དཔེ་རུ་བཀོད།


བསྡུས་དོན།

[རྩོམ་སྒྲིག]

རལ་ཁ་ཞེས་པ་ནི་གཡུལ་ངོར་རལ་གྲིའི་གཅོད་རེས་སྤྲད་པ་ལ་གོ་ཞིང་། སྤྱིར་འཐབ་མོ་བྱེད་མཁན་གྱིས་དགྲ་བོ་དང་གཡུལ་ངོར་རལ་གྲི་བརྡེག་རེས་བྱེད་པ་ལ་ཟེར། སྤྱོད་འཇུག་གི་འགྲེལ་པ་ཁག་ཏུ་ནི་བག་ཡོད་ལྷུར་བླང་བ་དང་ཉོན་མོངས་པ་སེལ་བའི་དཔེ་དོན་དུ་སྤྱོད་པ་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༡༧༩
  2. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༧༢༤
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༡༨༠
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༡༣༤
  5. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༡༣༤
  6. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༢༡༦
"https://bo.wikipedia.org/w/index.php?title=རལ་ཁ་&oldid=152637"ལས་སླར་རྙེད་སོང།