རམ་ཀླུ་གོང་པ་
མར་རྔོག་བརྒྱུད་པའི་དགྱེས་པ་རྡོ་རྗེ་ཡི། ། བཤད་སྒྲོས་གཞན་གྱི་དྲེག་པས་མ་གུས་པ། ། ཇི་བཞིན་མཁྱེན་པའི་རམ་རྗེ་ཀླུ་གོང་པའི། རྣམ་ཐར་མི་བརྗེད་དྲན་པའི་ཐོ་ཙམ་དགོད། །
དེ་ཡང་བླ་མ་རྔོག་པས་ལུང་བསྟན་པའི་སློབ་མ་བཞིའི་ནང་ཚན་རྒྱུད་དགྱེས་དཔལ་རྡོ་རྗེའི་བཀའ་བབ་རམ་ཀླུ་གོང་པའམ་རམ་རྩ་(“རམས་ཙག་”དང་“རམ་ཙན་”རམ་རྩ་”ཞེས་འབྲི་ཚུལ་མི་འདྲ་གསུམ་ཙམ་ཡོད་པ་ལས། ཕྲན་གྱིས་གངས་ཅན་རིགས་མཛོད། མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༢༠༠༦ལོར་བསྒྲིགས་པའི་དམ་པའི་ཆོས་ཀྱི་འཁོར་ལོ་བསྒྱུར་(ལོས་སྒྱུར་) བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་ལས་“རམ་རྩ”ཞེས་པ་བྲིས་ཡོད། མཆན།)ཅན་ནི། རབ་བྱུང་དང་པོའི་ནང་ཙམ་ལ་འཁྲུངས་ཤིང་། སྔོན་གྱི་ཡིག་ཚང་དག་ལ་ས་དཔྱད་མ་སྟོང་ཙམ་ལས་མེད་པས་ཡབ་ཡུམ་དང་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ཞིབ་ཕྲ་ཤེས་ཐབས་བྲལ། སྟག་ཚང་ཚེ་དབང་རྒྱལ་གྱིས་རབ་བྱུང་བདུན་པའི་མེ་ཡོས་ལོར་མཛད་པའི་ལྷོ་རོང་ཆོས་འབྱུང་ངམ་རྟ་ཚག་ཆོས་འབྱུང་ལས། རྔོག་ཆོས་རྡོར་གྱི་སློབ་མའི་མཚན་བགྲང་སྐབས་“བླ་མ་འདིའི་སློབ་མ་ནི་གོང་དུ་ལུང་བསྟན་པ་གསུམ་དང་”ཞེས་གསུངས་པ་ལས་གཅིག་ཡིན་ལ། ཡང་ཆོས་འབྱུང་(ལྷོ་རོང་ཆོས་འབྱུང་)དེ་ལས། ཁོང་གི་རྣམ་ཐར་སྐབས། “རྔོག་ཆོས་རྡོར་གྱི་སློབ་མ་རམ་ཙག་ཅན་ནི། དགྱེས་རྡོར་གྱི་བཀའ་བབ་ཡིན་ཅིང་། ཤངས་སུ་ཆོས་བཞི་བཙུགས་ནས་ཉན་བཤད་མཛད་པས། སློབ་མ་ཡང་མང་དུ་འཚར་ཞིང་”ཞེས་གསུངས་པ་ཙམ་ལས་མེད། དེ་ལས་ཅུང་ཙམ་རྒྱས་པ་ནི། ཀུན་མཁྱེན་པད་དཀར་གྱིས་མཛད་པའི་ཆོས་འབྱུང་(བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་)ལས། “དེ་ལས་རམ་ཀླུ་གོང་པ་དེ་གཞུང་ལུགས་མཐའ་དག་ལ་སྦྱངས་པའི་མཁས་རྒྱ་གར་གྱི་པཎྜི་ཏ་འབུམ་ཕྲག་གསུམ་པའང་རྩོད་པས་ཕམ་པར་བྱས། དེས་རྔོག་ཆོས་རྡོར་ལ་གཏུགས། དེ་དུས་གཞུང་མདར་བླ་མ་ལ་སྒུགས་གྲ་བྱུང་སར་ཁོང་གིས་བླ་མ་ཡིན་སྐད་བྱས་དེ་སྔོན་ལ་བྱོན་པས་བཙོན་ལ་ཤོར། བླ་མ་ལ་སྐྱོན་མ་བྱུང་བས་ཤིན་ཏུ་མཉེས། ཆོས་གསུང་དུས་གཞན་གྱི་འདྲེས་བྱུང་ཚེར་ང་རྗེ་མར་པའི་གསུང་གཙང་མ་དེ་ཞུས་བྱས་ཞུ་ཕོད་བྱས་ཆོག །དེས་དགྱེས་རྡོར་ལ་བཤད་པ་ཤིན་ཏུ་གཙང་”ཞེས་གསུངས་པ་སོགས་རྣམ་ཐར་གྱི་ཆ་ཤས་ཙམ་ལས་ཁོང་གི་རྣམ་ཐར་རྒྱས་པ་ཞིག་དེ་སྔར་མཇལ་བའི་སྐལ་བ་མ་བྱུང་། གོང་དུ་བཀོད་པའི་ལོ་རྒྱུས་གཉིས་ཀྱི་ནང་ལ་ཁོང་གིས་དབང་ལུང་ཁྲིད་གསུམ་ཞུ་སའི་བླ་མ་རྔོག་པ་ལས་གཞན་གྱི་མཚན་མེད་ཀྱང་། ཀུན་མཁྱེན་པདྨ་དཀར་པོའི་ཆོས་འབྱུང་ལས། རྔོག་མ་མཇལ་བ་སྔོན་ཙམ་ལ་“དེ་གཞུང་ལུགས་མཐའ་དག་ལ་སྦྱངས་པའི་མཁས་རྒྱ་གར་གྱི་པཎྜི་ཏ་འབུམ་ཕྲག་གསུམ་པའང་རྩོད་པས་ཕམ་པར་བྱས་”ཞེས་གསུངས་པ་ལ་དཔག་ན། དོན་དུ་རམ་རྩ་ཅན་པ་ཁོང་གིས་བླ་མ་རྔོག་པ་མ་མཇལ་བའི་སྔོན་ནས་སྐྱེས་ཆེན་དམ་པ་གང་མང་ཞིག་གི་ཞབས་ལ་གཏུགས་ཏེ། མདོ་རྒྱུད་གཞུང་ལུགས་དུ་མ་ལ་གསན་བསམ་གནང་བའི་མཁས་པ་ཆེན་པོར་གྱུར་ཟིན་པར་རྟོགས་ནུས།
དེ་ནས་ཁོང་གིས་བླ་མ་རྔོག་ལ་མཚན་ཉིད་ལྡན་པའི་ཕྱག་རྒྱ་མ་དང་བཅས་ཕྱི་ནང་གསང་བའི་འབུལ་བ་ཕུལ་བ་སོགས་མཉེན་པ་གསུམ་གྱིས་སྒོ་ནས་ཐུགས་དགྱེས་པར་མཛད་ནས། བླ་མ་རྔོག་པས་ཐུགས་དམ་གྱི་མཐིལ་དུ་ཉམས་ལེན་གནང་བའི་རྔོག་དཀྱིལ་བདུན་ཞེས་གྲགས་པ་ལས། གཙོ་བོར་རྗེ་མར་པ་ལས་བརྒྱུད་པའི་དགྱེས་པ་རྡོ་རྗེ་ལྷ་དགུ་བཤད་སྒྲོས་གཞན་གྱིས་ལྷད་མ་ཕོག་པར་རྗེ་མར་པས་རྔོག་པ་ཁོང་ལ་ཇི་ལྟར་གནང་བ་བཞིན། ཁོང་གིས་ཚིག་དོན་མ་འཆོལ་བའི་སྒོ་ནས་རམ་རྩ་ཅན་གྱིས་(དེབ་ཐེར་སྔོན་པོ་ལས། རྔོག་ཆོས་རྡོར་ལ་ཕྱག་རྒྱ་མ་མཛེས་མ་ཞིག་ཡོད་པ་ཡང་ཕུལ། ཆོས་གསུང་དུས་གསང་ལྡན་སོགས་ཀྱི་འདྲེས་བྱུང་བ་ན། ང་ལ་རྗེ་མར་པའི་གསུང་གཙང་མ་དེ་ཐུགས་ལ་གདམས་པར་ཞུ་བྱས་ནས་ཞེས་གསུངས། མཆན།)གསོལ་བ་བཏབ་པ་ལྟར་དབང་ལུང་ཁྲིད་གསུམ་ལེགས་པར་གནང་བས། ཕྱིས་བླ་མ་རྔོག་པ་དག་པ་མཁའ་སྤྱོད་དུ་གཤེགས་ཁར་སྲས་མདོ་སྡེའམ་ཞེ་སྡང་རྡོ་རྗེ་ལ་ཁྱོད་ཀྱིས་དགྱེར་རྡོར་རམ་ལ་ཉོན་ཞེས་ཞལ་ཆེམས་མཛད་པའི་ལུང་བསྟན་པ་ལྟར་ཁོང་ནི་དགྱེས་རྡོར་གྱི་བཤད་པ་ཤིན་ཏུ་གཙང་བ་གྲགས། དེ་ནས་ཁོང་གིས་ཤངས་སུ་ཆོས་གཞི་བཙུགས་ནས་དགྱེས་རྡོར་སོགས་རྒྱུད་ཀྱི་ཉན་བཤད་མང་དུ་མཛད་པས་འཁོར་སློབ་གྲངས་མང་པོ་འདུས་གྲགས། རམ་ལུགས་འཛིན་པའི་མཁས་པ་དུ་མ་ཞིག་བསྐྱངས་ནས་མཐར་རབ་བྱུང་གཉིས་པ་ཡས་མས་སུ་ཞིང་གཞན་དུ་གཤེགས་སོ། །
ཁོང་ལས་བརྒྱུད་པའི་རྔོག་ཆོས་ཀྱི་སྐོར་ལ་རམ་ལུགས་ཞེས་གྲགས་ཤིང་། བརྒྱུད་འཛིན་གྱི་སློབ་མ་ལ་རམ་རྡོ་རྗེ་གྲགས་དང་། མཁས་པ་རྒྱ་ནམ་པ་སོགས་ཡོད། འོན་ཀྱང་ད་སྐབས་ཁོང་གིས་ཆོས་འཁོར་བསྐོར་སའི་གནས་གཞི་ཤངས་ཟེར་བ་དེ་གང་ཡིན་གསལ་ཁ་མི་འདུག་ཀྱང་། དེ་ཡང་སྔོན་གྱི་ཡིག་ཚང་ཁ་ཤས་ལས་གཙང་རོང་ཤངས་གསུམ་ཞེས་འཁོད་པ་ལས་ཤངས་སམ་གཙང་གཞིས་ཀ་རྩེའི་ཁོངས་སུ་ཡོད་པའི་དེང་སང་རྣམ་གླིང་གི་ས་ཆ། སྔར་བོད་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་ཞིག་ཁྲི་སྐོར་བཅུ་གསུམ་སྐབས་ཆུ་མིག་ཀྱང་ཟེར་སྲོལ་ཡོད་པ་དེ་མིན་ནམ་སྙམ།
ཁོང་གི་གསུང་ཆོས་སྐོར་ནི། ཁོང་གིས་བརྩམས་པའི་ཆོས་སྐོར་ཁ་ཤས་ཡོད་ཀྱང་ད་སྐབས་བརླགས་སོང་བ་རེད་ཅེས་པ་གྲོགས་ཤིག་གི་ངག་ལས་ཐོས་པ་ཙམ་ལས། སྤྱིར་ན་ཕྲན་གྱིས་བལྟས་མྱོང་བའི་ཆོས་འབྱུང་ཁག་གི་ནང་དུ་ཁོང་གི་རྣམ་ཐར་གྱི་ཆ་ཤས་ཙམ་འཁོད་ཡོད་པ་ལས་བརྩམས་ཆོས་འདི་ཡོད་ཀྱི་གསལ་ཁ་མེད་ཅིང་། ཁོང་གིས་གསུང་ཆོས་རེད་ཟེར་བའི་ཡི་གེ་ན་གཅིག་མཇལ་དུ་མེད།
སློབ་བརྒྱུད་འཕེལ་ཚུལ་ནི། དེ་ཡང་ལྷོ་རོང་ཆོས་འབྱུང་ལས། “ཁྱད་པར་དུ་ཇོ་སྲས་གནུབས་(འདི་ནི་རྔོག་མདོ་སྡེའི་སྲས་ཇོ་སྲ་གནུབས་ཞུ་བ་དེ་མིན་ནམ་སྙམ། མཆན།)ལ་རྒྱ་བཤེས་(རྒྱ་སྒོ་ཡེ་ཤེས་འོད་མིན་ནམ་སྙམ། མཆན།)གཉེན་ཐུག་དེས་དགྱེས་རྡོར་གྱི་ཆོས་སྐོར་རྣམས་རྗེ་རང་(འདི་ནི་རྗེ་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་ཡིན་པའི་བཤད་ཚུལ་འདུག་ཀྱང་གསལ་ཁ་མ་མཐོང་། སྤྱིར་ན་རྗེ་རང་བྱུང་རྡོ་རྗེའི་བླ་མ་རམ་ལུགས་འཛིན་པའི་སྐྱེས་ཆེན་ནི་སྙེ་མདོ་ཀུན་དགའ་དོན་གྲུབ་ཡིན་ཞིང་། དེ་ཡང་དུང་དཀར་ཚིག་མཛོད་དུ་འཁོད་པའི་རྗེ་རང་བྱུང་རྡོ་རྗེའི་རྣམ་ཐར་ལས། སྙེ་མདོ་བ་ཀུན་དགའ་དོན་གྲུབ་ཀྱི་དྲུང་ནས་དུས་འཁོར་དང་། གསང་འདུས་ཡེ་ཤེས་ཞབས་ལུགས། གཤིན་རྗེ་བཤེད་དམར་ནག་འཇིགས་གསུམ། ཞི་ཁྲོའི་སྐོར་སོགས་གསང་སྔགས་གསར་རྙིང་གི་ཆོས་སྐོར་མང་དུ་གསན་ཞེས་གསུངས། མཆན།)བྱུང་བ་ལས་བརྒྱུད་པ་རམ་ལུགས་སུ་གྲགས། རམ་རྡོ་རྗེ་གྲགས་ནས་བཀའ་ལུང་བསྙེན་སྒོམ་མངའ་རིས་བྱང་ཆུབ་ཚུལ་ཁྲིམས། རྒྱ་ཕོ་ལུང་པ་ལ་བརྒྱུད། ཡང་རམ་རྡོ་རྗེ་གྲགས་ནས་རླངས་སྟོན་གསལ་འོད། དེ་ནས་ཆེ་སྟོན། གོང་ལུང་པ་ནས་ཨོ་རྒྱན་པ་བརྒྱུད་པ་དང་། ཡང་གཙང་པ་ལྷ་སྟེང་ནས། བརྩེགས་ཇོ་མདོ་ལ་བརྒྱུད་པ་ཡང་ཡོད་”ཅེས་གསུངས་པ་དང་། ད་དུང་རམ་རྡོ་རྗེ་གྲགས་གི་སློབ་མ་དཔལ་མི་སྐྱོད་རྡོ་རྗེས་རམ་རྔོག་གཉིས་ལྷན་དུ་འབྲེལ་བའི་རྒྱུད་ཀྱི་གསུང་(དཔལ་གསང་བ་འདུས་པའི་རྣམ་བཤད་དྲི་མ་མེད་པའི་སྣང་བ་ཞེས་པ། དཔལ་གསང་བ་འདུས་པའི་བསྐྱེད་པའི་རིམ་པའི་མངོན་པར་རྟོགས་པའི་མན་ངག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པའི་འབྱུང་གནས་རྣམ་དག་དགེ་བའི་ལྗོན་ཤིང་། ཡིད་བཞིན་ནོར་བུའི་ཊཱིཀྐ་སོགས་ཡོད། མཆན།)རྩོམ་མཛད། རྒྱ་ནམ་པ་ལས་ཏྲེ་བོ་(ཏྲེ་བོའི་གསུང་རྩོམ་ལ། དཔལ་དགྱེས་པ་རྡོ་རྗེའི་བརྟག་པ་གཉིས་པའི་རྣམ་པར་བཤད་པ་རིན་པོ་ཆེའི་ཕྲེང་བ། བཅོམ་ལྡན་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག །དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་པ་ལྔ་པའི་བསྡུས་པའི་དོན། ལཱུ་ཧི་པའི་འགྲེལ་པའི་དཀའ་གནད་གསལ་བྱེད། བདེ་མཆོག་ལཱུ་ཧི་པའི་མངོན་རྟོགས་རྣམ་བཤད་དགེ་བསྙེན་རྡོ་རྗེ་མགོན་པོས་མཛད་ཅེས་པ། བདེ་མཆོག་གི་མངོན་རྟོགས་གསལ་བྱེད། བདེ་མཆོག་ལཱུ་ཧི་པའི་ལོ་རྒྱུས། བཤད་རྒྱུད་རྡོ་རྗེ་གུར་གྱི་རྣམ་བཤད་སོགས་ཡོད། མཆན།)མགོན་པོ་རྡོ་རྗེ། སྒོམ་ཆེན་ཆོས་ལ་དགའ་བ། གཉན་རྡོ་རྗེ་སེངྒེ། གཉན་གྱི་སློབ་མ་སྙེ་མདོ་ཐམས་ཅད་མཁྱེན་པ་སོགས་ཡོད་ཅིང་འདི་རྣམ་པས་རམ་ལུགས་དང་འབྲེལ་བའི་བཤད་རྒྱུད་མང་དུ་བརྩམས། སྙེ་མདོ་ཐམས་ཅད་མཁྱེན་པས་རང་གི་སྲས་ཀུན་དགའ་དོན་གྲུབ་ལ་སོགས་པའི་སློབ་མང་དུ་བསྐྱངས་མཛད་པ་སོགས་འདི་དག་གི་སྐབས་སུ་རམ་ལུགས་ཀྱི་བསྟན་པ་ཕྱོགས་བཞིར་དར་བར་མཛད་པར་གྲགས། འོན་ཀྱང་ད་སྐབས་རམ་ལུགས་ཀྱི་གདན་ས་དང་བརྒྱུད་པ་འཛིན་མཁན་ཡོད་པར་མ་སྣང་བས། ལོ་རྒྱུས་ཀྱི་ཆགས་འཇིག་ཁྲོད་ནས་ནུབ་སོང་བ་མིན་ནམ་སྙམ།