Jump to content

རབ་འབྱམས།

ཡོང་ཁུངས་Wikipedia

རབ་འབྱམས་ནི་གྲངས་གནས་མཐོ་བ་ཞིག་སྟེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱུད་ཀྱི་འཇིག་རྟེན་དང། དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱ་མཚོའི་འཇིག་རྟེན་ཞེས། རབ་འབྱམས་དེ་ལའང་ནང་གསེས་ཀྱི་དབྱེ་བ་ཆེ་ཆུང་གསུམ་གསུངས་སོ། །འོ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་པའི་ཚད་ཇི་ལྟ་བུ་ཞེ་ན། མངོན་པ་མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང་། རི་རབ་དང་ནི་འདོད་ལྷ་དང་། ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་བྱུང་བ་ཡིན། །ཞེས་པ་ལྟར་གླིང་བཞི་གླིང་ཕྲན་བརྒྱད་དང་། ཉི་ཟླ་རྒྱུ་སྐར། རི་རབ། འདོད་ལྷ་དྲུག་དང་། བསམ་གཏན་དང་པོ་མན་ཆད་སྟོང་ཕྲག་གཅིག་ལ་སྟོང་དང་པོ་སྟེ། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་ཟེར་ཞིང་སྟོང་དང་པོའི་འཇིག་རྟེན་དེ་འདྲ་བ་སྟོང་ཕྲག་གཅིག་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་ཁམས་དང་། སྟོང་གཉིས་པའི་འཇིག་རྟེན་དེ་འདྲ་བ་སྟོང་ཕྲག་གཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ཡིན། དེ་ལྟ་བུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམས་ཞེས་པ་ཡིན་ནོ། །༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།