རབ་འབྱམས་པ་ངག་དབང་ཐུབ་བསྟན།
(མཁན་པོ་ནོ་མོན་ཧན)རྗེ་འདི་སོག་པོའི་ཡུལ་དུ་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་འཁྲུངས། དགུང་ལོ་བདུན་ལ་ཕེབས་སྐབས་དགེ་སློང་གྲགས་པ་ཚེ་རིང་གི་མདུན་དུ་དགེ་བསྙེན་བསྒྲུབས། མཚན་བློ་བཟང་ཐུབ་བསྟན་ཞེས་གསོལ། དེ་ནས་ཁུ་རེ་དགོན་པར་ཆོས་ཞུགས་མཛད་དེ་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་གནང་། དགུང་ལོ་བཅུ་བདུན་ལ་རྗེ་ངག་དབང་མཁས་གྲུབ་ལས་རབ་ཏུ་བྱུང་བ་དང་། དགེ་ཚུལ་གྱི་སྡོམ་པ་སྦྲེལ་བར་མནོས། མཚན་ངག་དབང་ཐུབ་བསྟན་ཞེས་བསྩལ། སྐུ་ནར་སོན་པ་ན་དབུས་གཙང་དགོན་ཁག་རྣམས་མཇལ་བ་དང་སྦྲགས་རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོ་དང། པཎ་ཆེན་བསྟན་པའི་ཉི་མ། ཁྲི་བྱང་ཆུབ་འཕེལ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་སུམ་ཅུ་པར་པཎ་ཆེན་བློ་བཟང་བསྟན་པའི་ཉི་མའི་དྲུང་དུ་དགེ་སློང་གི་སྡོམ་པ་བཞེས། སོག་ཡུལ་དུ་ཕྱིར་ལོག་རྗེས་ཁུ་རེ་དགོན་པའི་མཁན་ཁྲིར་ཕེབས། གོང་མས་ཁུ་རེ་མཁན་པོ་ནོ་མོན་ཧན་ཞེས་པའི་མཚན་སྙན་སྩལ། དགུང་ལོ་བརྒྱད་ཅུ་གྱ་གཉིས་སུ་ཕེབས་སྐབས་ཀྱང་ལེགས་བཤད་ཕྱག་རྩོམ་གནང་། བཀའ་རྩོམ་ལ་མཚོན་ན། བསྟན་པའི་གསལ་བྱེད་རྒྱལ་ཁང་རྩེ་རྗེ་བློ་བཟང་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་དང་། བསྟན་བཅོས་མངོན་རྟོགས་རྒྱན་གྱི་འགྲེལ་པ་སྔོན་འགྲོའི་རྣམ་གཞག བླ་མ་རྣམས་ཀྱི་ཞལ་བཞེས་མན་ངག་བདུད་རྩི། ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་གཞག ཆོས་སྐྱོང་དྲེགས་ལྕམ་ལ་བརྟེན་ནས་གཏོར་སྒྲུབ་བྱེད་ཚུལ། སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུངས་གསལ་བྱེད་ལོ་རྒྱུས་གསེར་ཕྲེང་། སྙན་ངག་མེ་ལོང་གི་ཟིན་བྲིས་ཐོ་གསལ་འདེབས་སོགས་མང་དུ་མཛད། སྐུ་གཤེགས་པའི་ལོ་དུས་མ་རྙེད།༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།