Jump to content

རབ་ཏུ་འབྱམས་ཀླས་པའི་མཚན་གྱི་མེ་ཏོག

ཡོང་ཁུངས་Wikipedia

རབ་འབྱམས་པའི་མིང་བཏགས་བླངས་པ། སྔར་བོད་དུ་སེ་འབྲས་དགེ་གསུམ་མ་བྱུང་གོང་དུ་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ལ་སློབ་སྦྱོང་བྱེད་པའི་དགོན་པ་ཆེ་ཤོས་གསང་ཕུ། རྭ་བ་སྟོད། ཚལ་གུང་ཐང་། དགའ་གདོང་། སྐྱོར་མོ་ལུང་། ཟུལ་ཕུ་བཅས་དབུས་གཙང་གདན་ས་ཆེན་པོ་དྲུག་ཟེར་ཞིང་། དེ་དག་ཏུ་ཐོས་བསམ་སློབ་གཉེར་གྱི་ཆུ་ཚད་མཐོ་དམན་ལ་གཞིགས་པའི་མིང་བཏགས་ཀྱི་ཡིག་ཚད་གཏོང་བའི་ལམ་ལུགས་མེད་ཅིང་། རབ་འབྱམས་པ་སངས་རྒྱས་འཕེལ་གྱིས་གཞུང་ཆེན་པོ་ལྔ་ལ་ཐོས་བསམ་སློབ་གཉེར་ཐོན་རིམ་བཞིན་གོང་གསལ་གྱི་གདན་ས་ཆེན་པོ་དྲུག་ལ་གྲྭ་སྐོར་གནང་སྟེ་རབ་འབྱམས་པའི་མིང་བཏགས་ལེན་པའི་སྲོལ་བཙུགས། དེའི་ནང་ནས་གནས་ཚད་ཐོ་དམན་གྱི་དབང་གིས་རིམ་པ་གསུམ་དུ་ཕྱེ་ཡོད། ༡.དཀའ་བཅུ། གཞུང་ཆེན་པོ་ལྔ(མངོན་པ་གོང་འོག་གཉིས། དབུ་མ། ཕར་ཕྱིན། རྣམ་འགྲེལ་བསྡུས་གྲྭ། འདུལ་བ)ཆ་ཚང་བར་སློབ་གཉེར་ཐོན་པ། ༢.དཀའ་བཞི་པ། གཞུང་ཆེན་པོ་ལྔ་ཡི་ནང་ནས་བཞི་ལ་སློབ་གཉེར་ཐོན་པ། ༣.རབ་འབྱམས་པ། གཞུང་ཆེན་པོ་ལྔའི་ནང་ནས་གཉིས་ཙམ་ལ་སློབ་གཉེར་ཐོན་པ་བཅས་ཡིན། རྗེས་སུ་རབ་བྱུང་བཅུ་པའི་ཆུ་གླང(༡༦༡༣)ལོ་ནས་ལོ་དྲུག་རིང་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་དབུ་གནང་ཞིང་། དེའི་རིང་སེ་འབྲས་དགེ་གསུམ་ནས་སློབ་གཉེར་ཐོན་པའི་དགེ་བཤེས་བཟང་བ་རྣམས་འདེམས་སྒྲུགས་ཀྱིས་ལྷ་ས་སྨོན་ལམ་ཆེན་མོའི་གྲྭ་སྐོར་དམ་བཅའ་འཇོག་པ་དང་ཨང་རིམ་སྤྲོད་པའི་ལམ་སྲོལ་གསར་འཛུགས་གནང་བ་དེ་ནས་དགེ་བཤེས་ལྷ་རམས་པའི་སྲོལ་ཐོག་མར་བྱུང་བ་ཡིན།༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།