Jump to content

རབ་ཏུ་ཞི་

ཡོང་ཁུངས་Wikipedia

རབ་ཏུ་ཞི་ཞེས་པ་ནི་ནང་པའི་ཆོས་ལུགས་ཀྱི་ཐ་སྙད་ཅིག་སྟེ། སྤྱིར་བཏང་སྤྲོས་པ་ཐམས་ཅད་ཞི་བ་དང་རྣམ་རྟོག་མཐའ་དག་ནུབ་པའི་གནས་སྐབས་ལ་གོ། དམིགས་བསལ་སྤྱོད་འཇུག་གི་འགྲེལ་བཤད་ཁག་ཏུ་སྟོང་པ་ཉིད་ཀྱི་ཡེ་ཤེས་མངོན་སུམ་དུ་གྱུར་པའི་སྐབས་བློ་ཡི་མདུན་ན་དངོས་དང་དངོས་མེད་གང་ཡང་མི་གནས་ཤིང་རྣམ་རྟོག་ཐམས་ཅད་ཞི་བའི་གནས་ལུགས་ལ་བྱེད།

ནང་དོན།

[རྩོམ་སྒྲིག]

སྤྲོས་པ་ཞི་བའི་གནས་ཚུལ། སྤྱོད་འཇུག་ལས།"གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པ། །དམིགས་པ་མེད་པར་རབ་ཏུ་ཞི། །"ཞེས་གསུངས་པ་ལྟར། དངོས་པོ་དང་དངོས་མེད་གཉིས་ཀ་བློའི་མདུན་ན་མི་གནས་པའི་ཚེ་རྣམ་པ་གཞན་མེད་པས་དམིགས་པ་མེད་པར་རབ་ཏུ་ཞི་བར་འགྱུར།

གཉིས་སྣང་ཞི་བ། "དེ་ལྟར་ན་གང༷་གི་ཚེ༷་དགག་བྱ་དངོ༷ས་པོ་དང༷་དེ་བཀག་པའི་དངོ༷ས་མེ༷ད་གཉིས་པོ་དག༷་གང་ཡང་བློ༷་ཡི༷་མ༷དུ༷ན་ནམ་སྤྱོད་ཡུལ་ན༷་མི༷་གན༷ས་པ༷་དེ༷་ཡི་ཚེ༷་དེ་ལས་གཞན་གཉིས་ཀ་དང་གཉིས་མིན་ལ་སོགས་པ་བདེན་པར་གྲུབ་པའི་རྣམ༷་པ༷་གཞ༷ན་མེ༷ད་པ༷ས་ན་སྟོང་ངོ་མི་སྟོང་ངོ་ལ་སོགས་པའི་དམི༷གས་པའི་གཏད་སོ་མ་ལུས་པ༷་མེ༷ད་པ༷ར་སྤྲོས་པ་མ་ལུས་པ་རབ་ཏུ༷་ཞི༷་བ་ཡིན་ཏེ་སོ་སོ་རང་རིག་པའི་ཡེ་ཤེས་ཙམ་གྱིས་རབ་ཏུ་ཕྱེ་བ་སྨྲ་བསམ་བརྗོད་དུ་མེད་པ་ནམ་མཁའི་དཀྱིལ་ལྟ་བུའི་མཉམ་པ་ཉིད་དོ། །"[]ཞེས་གསུངས་པ་ལྟར། སྟོང་པ་ཉིད་ཀྱི་དོན་རྟོགས་པའི་ཚེ་དམིགས་པའི་གཏད་སོ་མ་ལུས་པ་མེད་པར་སྤྲོས་པ་ཐམས་ཅད་རབ་ཏུ་ཞི་བ་ཡིན།

རྣམ་རྟོག་ཞི་བ། "གང་ཚེ་དངོས་པོ་དང་དངོས་མེད་དག་བློ་ཡི་མདུན་ན་མི་གནས་པ་དེའི་ཚེ་རྣམ་པ་གཞན་ཏེ་གཉིས་ཡིན་ནམ་གཉིས་མ་ཡིན་གྱི་ཕུང་གསུམ་པ་ཡང་མེད་པས་དེ་གོམས་པས་མཐར་ཐུག་པ་ན་ཡུལ་དག་ཏུ་དམིགས་པར་བྱེད་པའི་བློ་མེད་པར་རབ་ཏུ་ཞི་བར་འགྱུར་ཏེ།"[] ཞེས་གསུངས་པ་ལྟར། དམིགས་པར་བྱེད་པའི་བློ་མེད་པར་རབ་ཏུ་ཞི་བ་ཡིན།

བདེན་འཛིན་ཞི་བ། "དེས་ན་གང་གི་ཚེ་དངོས་པོ་དང་དངོས་མེད་དག་བདེན་གྲུབ་གང་ཡང་བློ་ཡི་མདུན་ན་མི་གནས་པ་དེའི་ཚེ་བདེན་པར་གྲུབ་པའི་རྣམ་པ་གཞན་མེད་པས། བདེན་འཛིན་གྱི་དམིགས་པའི་གཏད་སོ་མཐའ་དག་མེད་པར་རྟོགས་པར་སྤྲོས་པ་མཐའ་དག་རབ་ཏུ་ཞི་བ་ཡིན་ཏེ།"[] ཞེས་གསུངས་པ་ལྟར། བདེན་འཛིན་གྱི་དམིགས་པའི་གཏད་སོ་མེད་པར་སྤྲོས་པ་མཐའ་དག་རབ་ཏུ་ཞི་བ་ཡིན།

འབྲས་བུ།

[རྩོམ་སྒྲིག]

རབ་ཏུ་ཞི་བའི་འབྲས་བུ་ནི་མྱ་ངན་ལས་འདས་པ་ཐོབ་པ་ཡིན། "ཁ་ན་མ་ཐོ་བ་མེད་ཅིང་གནས་སྐབས་རྣམ་སྨིན་གྱི་འབྲས་བུ་མངོན་མཐོ་ལྷ་མིའི་བདེ་བ་ཁྱད་པར་ཅན་སྟེར་བར་བྱེད་ལ་མཐར་ཐུག་སྲིད་པའི་སྡུག་བསྔལ་རྒྱུ་དང་བཅས་པ་ཉེ་བར་ཞི་བ་ཡི་ངེས་པར་ལེགས་པ་མྱ་ངན་ལས་འདས་པ་ཐོབ་བྱེད་ཀྱི་རྒྱུར་གྱུར་པའི་བསོད་ནམས་དགེ་བའི་ཚོགས་བདུད་རྩི་ལྟ་བུ་རྣམས།"[] ཞེས་གསུངས་པ་ལྟར། སྲིད་པའི་སྡུག་བསྔལ་རྒྱུ་དང་བཅས་པ་ཞི་བ་ཡི་མྱ་ངན་ལས་འདས་པ་ཐོབ་པ་ཡིན།

མེ་ལྟར་ཞི་བ།

[རྩོམ་སྒྲིག]

ཤེས་རབ་ཀྱི་ངོ་བོ་ནི་གཟོད་མ་ནས་རབ་ཏུ་ཞི་བ་ཡིན། "མེ་ལྕེ་ལྟ་བུའི་བློ་ཡི་མདུན་ན་ཇི་ལྟར་གནས་ལ། བུད་ཤིང་ཟད་པ་ན་མེ་ཡང་རང་ཞི་བ་ལྟར་ཤེས་རབ་དྲི་མ་མེད་པའི་བློ་དེ་ཉིད་ཀྱང་གཟོད་མ་ནས་མ་སྐྱེས་མ་འགགས་པའི་ངོ་བོ་ཉིད་དུ་རྟག་ཏུ་ཞི་བ་ཡིན་པ་དེ་ཁོ་ནའི་དབྱིངས་སུ་དེ་ལྟར་ཞི་བ་ཡིན་ནོ། །"[]ཞེས་གསུངས་པ་ལྟར། ཤེས་རབ་ཀྱི་ངོ་བོ་ནི་གཟོད་མ་ནས་དེ་ཁོ་ནའི་དབྱིངས་སུ་ཞི་བ་ཡིན།

བཤད་སྟངས།

[རྩོམ་སྒྲིག]

རྣམ་པར་རྟོག་པ་ཞི་བའི་ངང་ལ་ནི་རབ་ཏུ་ཞི་ཞེས་ཟེར། "དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་ནུབ་པའི་ཕྱིར་སྒྲིབ་པ་མཐའ་དག་ལས་གྲོལ་བ་སྐྱེ་བོ་ཞེས་བསྟན་པའི་ཕྱིར། གང་ཚེ་དངོས་དང་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ཚེ་དངོས་པོ་དོན་དམ་པར་ཡོད་པའི་རང་བཞིན་ཡོད་པ་མ་ཡིན་ཏེ། བློ་ནི་བློ་གྲོས་ཡིན་ལ་མདུན་ནི་སྔུན་ཏེ། ཡང་དག་པར་གནས་པ་ཡིན་ནོ། །དངོས་མེད་ཀྱང་མ་ཡིན་ཏེ། དངོས་པོ་དང་བྲལ་བའི་མཚན་ཉིད་དངོས་པོ་མེད་པ་ཡང་མ་ཡིན་ནོ། །གང་ཚེ་བློའི་མདུན་ན་གནས་པ་དེ་ཚེ་རྣམ་པ་གཞན་མེད་པས་ཤེས་ཏེ། དགག་པ་དང་བསྒྲུབ་པ་གཞན་མེད་པའི་ཕྱིར་ཏེ། གཉི་ག་དང་གཉི་ག་མ་ཡིན་པའི་ཕྱོགས་གཉིས་པོ་འདི་བསྒྲུབ་པ་དང་དགག་པའི་བདག་ཉིད་ཡིན་པའི་ཕྱིར་འདི་དག་ལས་མ་གཏོགས་པ་འདི་གཉིས་ཀྱི་ནང་དུ་འདུས་ལ་དེར་འདུས་པས་ཀྱང་རྟེན་མེད་པ་ཡིན་ཏེ། ཡོད་པ་དང་མེད་པ་དམིགས་པ་དང་བྲལ་བའི་ཕྱིར་རོ། །བློ་རབ་ཏུ་ཞི་བ་ཡིན་ལ་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཞི་བ་ཡིན་ཏེ། མེ་བཞིན་དུ་འདས་པ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །"[]ཞེས་གསུངས་པ་ལྟར། རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་བློ་རབ་ཏུ་ཞི་བ་ཡིན།

བསྡུས་དོན།

[རྩོམ་སྒྲིག]

རབ་ཏུ་ཞི་ཞེས་པ་ནི་ནང་པའི་ཆོས་ལུགས་ཀྱི་ནང་དུ་སྤྲོས་པ་དང་རྣམ་རྟོག་ཐམས་ཅད་ཞི་བའི་གནས་ཚུལ་ལ་ཟེར། དངོས་པོ་དང་དངོས་མེད་གང་ཡང་བློའི་མདུན་ན་བདེན་པར་མ་གྲུབ་པའི་ཚེ་གཟུང་འཛིན་གྱི་རྟོག་པ་དང་བདེན་འཛིན་གྱི་སྤྲོས་པ་ཐམས་ཅད་ཞི་བ་ལ་རབ་ཏུ་ཞི་ཞེས་ཟེར། འདི་ནི་ཤེས་རབ་ཀྱི་ལམ་གྱི་འབྲས་བུ་ཡིན་ལ། མཐར་ཐུག་པ་ན་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཡིན། རབ་ཏུ་ཞི་བའི་གནས་ཚུལ་འདི་ནི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་སྨྲ་བསམ་བརྗོད་དུ་མེད་པ་ནམ་མཁའི་དཀྱིལ་ལྟ་བུའི་མཉམ་པ་ཉིད་ཀྱི་ངང་ལ་གནས་པ་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  5. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  6. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།