རབ་གནས།
མཐོང་རིས་
འདི་སངས་རྒྱས་ཆོས་ལུགས་ཀྱི་ཆོས་ཀྱི་བྱེད་སྒོ་གཙོ་ཆེ་བའི་གྲས་ཡིན། སྐུ་གསུང་ཐུགས་རྟེན་བཞེངས་ཟིན་རྗེས་བགེགས་སྐྲོད་དང་རབ་གནས་མ་བྱས་ན་གདོན་འདྲེ་ཡི་དྭགས་སོགས་ཀྱིས་རྟེན་དེ་བདག་ཏུ་བཟུང་ནས་གནས་ཏེ་མི་ལ་གནོད་འཚེ་གཏོང་བས་བགེགས་སྐྲོད་བྱ་དགོས་པ་དང་། དེ་རྗེས་རྟེན་དེ་གང་གི་ཡིན་པའི་ཡེ་ཤེས་པ་གདན་དྲངས་ནས་བསྟིམས་བཞུགས་བྱས་པ་ལ་རབ་གནས་ཟེར། དེ་ལ་རྒྱས་པ་ཉིན་གསུམ། འབྲིང་པོ་ཉིན་གཉིས། བསྡུས་པ་ཉིན་གཅིག་བར་བྱེད་སྲོལ་ཡོད་ཅིང་། བོད་ཀྱི་སངས་རྒྱས་ཆོས་ལུགས་རིས་མེད་གྲུབ་མཐའ་ཁག་ཚང་མར་རང་རང་གི་བླ་མ་གོང་མ་ཚོས་མཛད་པའི་རབ་གནས་ཀྱི་ཆོ་ག་རྒྱས་འབྲིང་བསྡུས་གསུམ་སྣ་ཚོགས་ཡོད།༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།