Jump to content

རང་རིག་མངོན་སུམ་མི་འདོད།

ཡོང་ཁུངས་Wikipedia

རང་རིག་མངོན་སུམ་མི་འདོད་པ་དེ་ཡང་ཐལ་འགྱུར་བའི་ལུགས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་ཆེན་པོ་བརྒྱད་ཀྱི་ནང་གསེས་ཤིག་ཡིན། རང་རིག་མངོན་སུམ་མི་འདོད་དེ་རང་རིག་མི་འདོད་པའི་ཕྱིར། སྤྱོད་འཇུག་ལས། འཇིག་རྟེན་གྱིས་ནི་མགོན་པོས་ཀྱང་། །སེམས་ཀྱིས་སེམས་མི་མཐོང་ཞེས་དང་། །རལ་གྲིའི་སོ་ནི་རང་ལ་རང་། །ཇི་ལྟར་མི་གཅོད་དེ་བཞིན་ཡིད། །ཅེས་གསུངས་པ་ལྟར། དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན་ན་སེམས་ཀྱིས་སེམས་ཇི་ལྟར་མཐོང་བར་འགྱུར་ཏེ། དཔེར་ན་རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲའི་སོ་དེ་ཉིད་གཅོད་པར་མི་ནུས་ལ། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དེ་ཉིད་རིག་པར་མི་ནུས་པ་ལྟར་རོ། །དེར་མ་ཟད་མར་མེས་རང་གཞན་གཉིས་གསལ་བ་ལྟར་སེམས་ཀྱིས་རང་གཞན་གཉིས་རིག་པ་ཡང་བཀག་པར་མཛད་དེ། ཇི་སྐད་དུ། མར་མེས་རང་དང་གཞན་གྱིས་དངོས། །གལ་ཏེ་སྣང་བར་བྱེད་འགྱུར་ན། །མུན་པས་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད། །ཅེས་མུན་པས་ཀྱང་རང་སྒྲིབ་ནས་མུན་པ་མི་སྣང་བར་ཐལ་བ་དང་། མེས་ཀྱང་རང་ཉིད་བསྲེག་པར་ཐལ་བ་སོགས་ཀྱི་སྐྱོན་བརྗོད་ནས་རང་རིག་བཀག་པར་མཛད་དོ། །༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།