རང་རིག
རང་རིག་ཞེས་པ་ནི་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཁག་ཏུ་རྩོད་གཞིའི་གཙོ་བོ་ཞིག་ཡིན་ཏེ། ཤེས་པས་རང་ཉིད་རིག་པའམ་ཤེས་པའི་ངང་ནས་རང་ཉིད་མྱོང་བ་ལ་གོ །
སྒྲ་བཤད།
[རྩོམ་སྒྲིག]རང་རིག་ཅེས་པའི་སྒྲ་ནི་རང་ཞེས་པ་དང་རིག་ཅེས་པའི་སྒྲ་གཉིས་ཀྱི་ཚོགས་པ་ཡིན་ཏེ། རང་ཞེས་པ་ནི་སྡེ་ཚན་གཅིག་གི་ནང་གི་བདག་ཉིད་ལ་ཟེར་ལ། རིག་ཅེས་པ་ནི་ཤེས་པ་ལ་ཟེར། དེས་ན་རང་རིག་ཅེས་པ་ནི་ཤེས་པས་རང་ཉིད་ཤེས་པའམ་ཤེས་པ་རང་གིས་རང་ལ་དམིགས་པ་ལ་ཟེར།
གྲུབ་མཐའ་སོ་སོའི་ལྟ་བ།
[རྩོམ་སྒྲིག]སེམས་ཙམ་པའི་ལྟ་བ། སེམས་ཙམ་པ་ནི་རང་རིག་ཡོད་པར་འདོད་དེ། "སེམས་ཙམ་པས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་བལྟ་སྟེ།" [༡] ཞེས་གསུངས།
དབུ་མ་པའི་ལྟ་བ། དབུ་མ་པ་ནི་རང་རིག་མེད་པར་འདོད་དེ། "ཕྱི་དོན་དང་རང་རིག་གཉིས་ཀ་དོན་དམ་དུ་མི་འདོད་པ་དབུ་མ་པས་ནི། ཤེས་བྱའི་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་རང་བཞིན་བདེན་གཉིས་ཟུང་འཇུག་མཉམ་པ་ཉིད་དུ་འདོད་"[༢]ཅེས་གསུངས།
བདེན་གཉིས་ཀྱི་སྒོ་ནས་དཔྱད་པ།
[རྩོམ་སྒྲིག]རང་རིག་ལ་བདེན་གཉིས་ཀྱི་ཆ་ནས་ལྟ་ན། ཀུན་རྫོབ་ཏུ་ནི་ཐ་སྙད་དུ་ཤེས་པ་སྣང་བ་མེད་མ་ཡིན་ཡང་། དོན་དམ་པར་ནི་རང་རིག་འགྲུབ་པ་མ་ཡིན་ཏེ། "གང་ཇི་ལྟར་འཇིག་རྟེན་ན་རབ་ཏུ་གྲགས་པ་དེ་དེ་བཞིན་ཉིད་དུ་མ་དཔྱད་པའི་ངོ་བོ་ཁས་བླངས་ནས་འཇིག་རྟེན་ན་གྲགས་པ་ཡིན་ཏེ་དོན་དམ་པ་ནི་མ་ཡིན་ནོ། །"[༣]ཞེས་གསུངས། འདིར་ནི་དོན་དམ་པར་བདེན་པར་འཛིན་པའི་བློ་བཟློག་པ་མ་གཏོགས་ཀུན་རྫོབ་ཀྱི་ཐ་སྙད་དགག་པ་མ་ཡིན། །
དགག་བྱའི་རང་རིག་གི་མཚན་ཉིད།
[རྩོམ་སྒྲིག]དབུ་མ་པས་དགག་པའི་རང་རིག་ནི་དོན་དམ་པར་བདེན་པར་གྲུབ་པའི་རང་རིག་ཡིན། "དེའི་ཕྱིར་དེ་ལྟར་ན་རང་རིག་པའི་ཤེས་པ་ཅུང་ཟད་ཀྱང་རིགས་པ་མ་ཡིན་ཏེ། རྟོགས་ བྱ་རྟོགས་བྱེད་རྣམ་པའི་སེམས། །དེ་བཞིན་གཤེགས་པས་གཟིགས་པ་མེད། །གང་དུ་རྟོགས་དང་རྟོགས་བྱེད་པ། །དེ་ལ་བྱང་ཆུབ་སེམས་ཡོད་མིན། །"[༤]ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་རྟོགས་བྱ་རྟོགས་བྱེད་ཀྱི་རྣམ་པ་མེད་ལ། དེས་ན་རང་རིག་དོན་དམ་པར་འགྲུབ་པ་མ་ཡིན། །
རྩོད་སྤོང་།
[རྩོམ་སྒྲིག]རང་རིག་གྲུབ་པའི་སྒྲུབ་བྱེད། སེམས་ཙམ་པས་རང་རིག་གྲུབ་པའི་སྒྲུབ་བྱེད་དུ་དྲན་པའི་རྟགས་འཇུག་སྟེ། "གལ་ཏེ་རང་རིག་ཡོད་མིན་ན་ཡུལ་ཅན་རྣམ་ཤེས་དྲན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བས་དྲན་པའི་རྟགས་ཀྱིས་རང་རིག་འགྲུབ་བོ་"[༥]ཞེས་འཆད། དེ་ཡང་སྔར་ཉམས་སུ་མ་མྱོང་བ་ན་ཕྱིས་དྲན་པར་མི་འགྱུར་བས་དྲན་པ་ཡོད་པ་ལས་སྔར་ཤེས་པ་རང་གིས་རང་མྱོང་པའི་རང་རིག་ཡོད་པར་རྟོགས་པ་ཡིན། །
དབུ་མ་པའི་ལན། དབུ་མ་པས་འདི་ལ་ལན་བཏབ་སྟེ། "རང་མ་མྱོང་ཡང་གཞན་གཟུགས་སོགས་མྱོང་བ་དང་འབྲེལ་བ་ལས་དེ་དྲན་པར་འགྱུར་ཏེ། དཔེར་ན་བྱི་བའི་དུག་བསྒོས་པ་མ་མྱོང་ཡང་གཞན་དུ་འབྲུག་གི་སྒྲའི་རྐྱེན་དང་འཕྲད་པ་ལས་ནད་མྱོང་བ་དེ་ལས་དཔག་ནས་དྲན་པ་བཞིན་ནོ། །"[༦]ཞེས་གསུངས། དེས་ན་རང་རིག་མེད་ཀྱང་འབྲེལ་བའི་རྐྱེན་གྱིས་དྲན་པ་སྐྱེ་ནུས་པར་བསྟན།
བསྡུས་དོན།
[རྩོམ་སྒྲིག]རང་རིག་ནི་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཁག་ཏུ་གལ་ཆེའི་རྩོད་གཞིའི་གནད་དོན་ཞིག་ཡིན། སེམས་ཙམ་པས་ཤེས་པ་རང་རིག་རང་གསལ་ཡིན་པར་འདོད་ཅིང་། དྲན་པའི་རྟགས་དང་མར་མེའི་དཔེ་སོགས་ཀྱིས་རང་རིག་གྲུབ་པར་འདོད། དབུ་མ་པས་རང་རིག་དོན་དམ་པར་མེད་པར་འདོད་ཅིང་། རང་གིས་རང་ལ་བྱེད་པ་འགལ་བའི་རིགས་པ་སོགས་ཀྱིས་རང་རིག་དགག་པ་མཛད། འོན་ཀྱང་གཉིས་ཀས་ཀུན་རྫོབ་ཏུ་ཤེས་པའི་ཐ་སྙད་ཡོད་པ་ལ་འགོད་པ་མེད། འདི་ནི་ཆོས་ཉིད་རྟོགས་པ་དང་། འཁོར་བ་ལས་ཐར་པའི་ལམ་དང་འབྲེལ་བའི་གལ་ཆེའི་གནད་དོན་ཞིག་ཡིན། །
དུང་དཀར་ཚིག་མཛོད་ཆེན་མོ་ལས།
[རྩོམ་སྒྲིག]མདོ་སེམས་གཉིས་ཀྱིས་ཤེས་པ་ལ་རང་རིགས་དང་གཞན་རིག་གཉིས་སུ་དབྱེ་བའི་འཛིན་པ་ཡུལ་དུ་བྱེད་པའི་ཤེས་པ་ལ་རང་རིག་ཟེར་ཞིང་། དེ་ཡང་བློ་རང་གིས་རང་མྱོང་བའམ་གསལ་བར་མཐོང་བ་ཞིག་སྟེ། དཔེརན། སྔོ་འཛིན་མིག་ཤེས་ཀྱིས་སྔོན་པོ་མཐོང་བའི་ཚེ། སྔོན་འཛིན་མིག་ཤེས་རང་ཉིད་ཉམས་སུ་མྱོང་བའི་ཤེས་པ་ཡུལ་ཡུལ་ཅན་གཉིས་སུ་མེད་པ། རང་གིས་རང་མྱོང་བའམ་རིག་པས་ན་རང་རིག་ཅེས་བརྗོད་དོ། བཟུང་བ་ཡུལ་དུ་བྱེད་པའི་ཤེས་པ་ལ་ལ་གཞན་རིག་ཟེར་ཞིང་། དེ་ཡང་ཡུལ་ཅན་རང་ལས་གཞན་པའི་ཕྱི་རོལ་གྱི་གཟུགས་ལ་སོགས་པ་རྣམས་ལ་འཇུག་པར་བྱེད་པའི་ཤེས་པ་དཔེར་ན་དབང་ཤེས་ལྟ་བུའོ། །འོན་ཀྱང་བྱེ་བྲག་སྨྲ་བ་དང་དབུ་མ་ཐལ་འགྱུར་བ་སོགས་ཀྱིས་ཤེས་པ་ལ་གཞན་རིག་གི་ཤེས་པ་ལས་རང་རིག་ཁས་མི་ལེན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༡༨༡
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༥༢༧
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༣༣༤
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༣༣༥
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༢༦༢
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༡༨༨