རང་བྱུང་ཡེ་ཤེས་ཆེན་པོའི་འབྲས་བུ་རོལ་པའི་དཀྱིལ་འཁོར་དུ་བལྟ་བའི་ཡི་གེ་

ཡོང་ཁུངས་Wikipedia

༄༅། །རང་བྱུང་ཡེ་ཤེས་ཆེན་པོའི་འབྲས་བུ་རོལ་པའི་དཀྱིལ་འཁོར་དུ་བལྟ་བའི་ཡི་གེ་བཞུགས་སོ། །

གསང་སྔགས་ཀྱི་ཚུལ་ལས། སོ་སོ་སྐྱེ་བོ་ཐ་མལ་པའི་ཤེས་པ། རང་བྱུང་གི་ཡེ་ཤེས་ཅན་དུ་སྟོན་པ་དང་། དེའི་དབང་གིས་ཕྱི་ནང་གི་དངོས་པོ་འདི་དག་ཀྱང་ཡེ་ཤེས་རོལ་པའི་དཀྱིལ་འཁོར་དུ་ལྟ་སྟེ། ཆོས་ཐམས་ཅད་བདེན་པ་གཉིས་གའི་སྒོ་ནས། ཟག་པ་མེད་པའི་དཀྱིལ་འཁོར་དུ་འདོད་པ་འདི། ཇི་ལྟར་གསུངས་པ་དེ་ལྟར་མཚན་ཉིད་པར་གྲུབ་པ་ཅིག་ཡིན་ནམ། འོན་ཏེ་དེ་ལྟར་མ་ཡིན། དེ་ལྟར་སྟོན་པའི་བཀའ་འདི་ཡང་དགོངས་པའི་ཚིག་ཞིག་གམ། འོན་ཏེ་གཟུགས་པོར་གསུང་པ་ཞིག་ཡིན། གལ་ཏེ་མཚན་ཉིད་པ་ཞིག་ཡིན་ན་ནི། དེ་ལྟར་སོ་སོ་སྐྱེ་བོའི་ཤེས་པས་མངོན་དུ་བྱས་པ་མེད་དོ། །གལ་ཏེ་དེ་ལྟ་མ་ཡིན་ཏེ། མི་སྡུག་པ་དང་། ཟད་པར་དང་ཟིལ་གནོན་ལྟ་བུར་སྒོམ་པའི་ཡུལ་དུ་སྣང་བ་དག་ནི། ཉོན་མོངས་ཁ་ཅིག་གི་གཉེན་པོར་བསྟན་པར་གསུངས་པ་འདི་དག །ཀུན་བརྟགས་པའི་གཟུགས་སམ་དབང་འབྱོར་པའི་གཟུགས་ཤེས་གྲགས་པ་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་སུ་བསྟན་ཏེ། དངོས་པོའི་མཚན་ཉིད་པར་ཡང་མ་གྲགས་ན་གསང་སྔགས་ཀྱི་ཚུལ་གྱི་གྲུབ་མཐའ་འང་དགོངས་པའི་ཚིག་ཏུ་འགྱུར་ཏེ། ངེས་པའི་དོན་གཏན་ལ་ཕབ་པར་ཡང་མི་འགྱུར་ལ། ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཀྱང་། མཚན་ཉིད་ཀྱི་ཐེག་པ་ལས་གྲགས་པ་ལྟར་བདེན་པར་འགྱུར་རོ་ཞེ་ན། འདིར་ལན་བཏབ་པ། གསང་སྔགས་ཀྱི་ཚུལ་ལས་ཇི་སྐད་གསུངས་པ་འདི་དག་ནི། མཚན་ཉིད་པར་གྲུབ་པ་ཡིན་ཏེ། ཡོངས་སུ་བརྟགས་པ་མ་ཡིན་ནོ། །དེའི་དབང་གིས་བཀའ་འདི་ཡང་གཟུགས་པོར་གསུངས་པ་ཉིད་ཡིན་ཏེ། དགོངས་པའི་ཚིག་མ་ཡིན་ནོ། །སྤྱིར་ཆོས་ཀྱི་མཚན་ཉིད་བདེན་པ་དང་། བདེན་པ་མ་ཡིན་པར་སྒྲུབ་པ་དང་། དབང་པོའི་ཤེས་པ་ལ་ཇི་ལྟར་སྣང་བ་དེ་ལྟར་བདེན་པར་འདོད་པ་ཞིག་གམ། འོན་ཏེ་རིགས་པའི་ཤེས་པས་ཇི་ལྟར་གྲུབ་པ་དེ་ལྟར་བདེན་པར་འདོད། གལ་ཏེ་དབང་པོའི་ཤེས་པ་ལ་སྣང་བ་དེ་ལྟར་བདེན་པར་འདོད་ན་ནི། གྲུབ་མཐའ་གང་གིས་ཀྱང་བློ་བཅོས་མི་དགོས་ཀྱིས། སེམས་ལས་ཆུང་ངུར་གྱིས་ལ་འདུག་ཅིག །གལ་ཏེ་རིགས་པས་གྲུབ་པ་བདེན་པར་འདོད་ན་ནི། ལེགས་པར་སྒྲུབ་པར་བྱ་ཡིས་ཉོན་ཅིག །འདི་ལྟ་སྟེ། ལ་ལའི་འགལ་བ་གང་ཡིན་ཏེ། །དེ་ནི་གཞན་གྱི་འདོད་པ་ཡིན། །ལ་ལའི་འདོད་པ་གང་ཡིན་ཏེ། །དེ་ནི་གཞན་གྱི་འགལ་བ་ཡིན། །ལ་ལའི་མཚན་ཉིད་པ་གང་ཡིན། །དེ་ནི་གཞན་གྱི་བརྟགས་པ་ཡིན། །ལ་ལའི་རྫས་ཡོད་གང་ཡིན་ཏེ། །དེ་ནི་གཞན་གྱི་བཏགས་ཡོད་ཡིན། །ལ་ལའི་དོན་དམ་གང་ཡིན་ཏེ། །དེ་ནི་གཞན་གྱི་ཀུན་རྫོབ་ཡིན། །ལ་ལའི་བཀུར་གནས་གང་ཡིན་ཏེ། །དེ་ནི་གཞན་གྱི་བྲན་ཁོལ་ཡིན། །ཁ་ཅིག་གང་ཟག་རྟག་པའི་བདག །རང་དབང་བྱེད་པ་པོར་འདོད་དང་། །སྡུག་བསྔལ་སྦྱོར་བར་འདོད་པ་སྟེ། །དེ་ལ་གཞན་གྱིས་མཚར་དུ་བརྩིས། །ཁ་ཅིག་ཆགས་སོགས་ཉོན་མོངས་དག །དོན་དམ་ཉིད་དུ་འདོད་པ་དང་། །སྤང་དུ་རུང་བར་འདོད་པ་སྟེ། །དེ་ལ་གཞན་གྱིས་མཚར་དུ་བརྩིས། །ཁ་ཅིག་ཡང་དག་མ་ཡིན་པའི། །ཀུན་རྟོག་རྫས་སུ་འདོད་པ་དང་། །འཁྲུལ་བ་ཡིན་པར་འདོད་པ་སྟེ། །དེ་ལ་གཞན་གྱིས་མཚར་དུ་བརྩིས། །སྡུག་བསྔལ་སྦྱོར་བར་འདོད་པ་དང་། །རང་དབང་མིན་ལ་མཚར་ཅི་ཡོད། །སྤང་དུ་རུང་བར་འདོད་པ་དང་། །དོན་དམ་མིན་ལ་མཚར་ཅི་ཡོད། །འཁྲུལ་བ་ཡིན་པར་འདོད་པ་དེ། །རྫས་སུ་མེད་པར་མཚར་ཅི་ཡོད། །ཚུལ་འདི་དག་རྟོག་པ་ལ། ལྷ་རྣམས་ལའང་ཕྱུག་དབུལ་ཡོད་ལ། རིགས་པ་ལའང་ཆེ་ཆུང་ཡོད་དེ། དེ་དག་འགྲན་པས་ཤེས་པར་འགྱུར་གྱིས། གང་གྲུབ་པའི་མཐའ་འཚོལ་བར་འདོད་པ་རྣམས་ཀྱིས། དེ་ལྟར་བརྟགས་ཏེ་བཙལ་བར་བྱའོ། །ད་ནི་འདིར་བདག་གིས་མི་འཚམ་པའི་ཚིག་ལྟ་བུས་འཚམ་པའི་དོན་སྒྲུབ་པར་བྱ་སྟེ། ཇི་སྐད་དུ། རྨད་༼རྨུགས་སངས་ཤིང་པར་དུ་སྨད། ༽ཀྱི་རྣ་བུ་བྲག་ལ་འཛེག་པ་བཞིན། །མི་འཚམ་མཚམ་བཤད་སྐྱོན་མེད་ཡོན་ཏན་བསྔགས། །ཞེས་གསུངས་པ་ལྟ་བུ་སྟེ། དེ་ཡང་འདི་ལྟར་སོ་སོ་སྐྱེ་བོའི་ཤེས་པ་ནི། རང་བྱུང་གི་སེམས་ཅན་དུ་ཡང་སྨྲའོ། །ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡིན་པར་ཡང་སྨྲའོ། །ཡེ་ཤེས་ནི་དོན་ལ་ཕྱིན་ཅི་མ་ལོག་པ་ཡིན་པར་ཡང་སྨྲའོ། །འཁྲུལ་བ་ནི་དོན་ལ་ཕྱིན་ཅི་ལོག་པ་ཡིན་པར་ཡང་སྨྲའོ། །དེ་གཉིས་ནི་ཕན་ཚུན་སྤངས་པའི་མཚན་ཉིད་ཀྱིས་འགལ་བ་ཡིན་པར་ཡང་སྨྲའོ། །གང་ཟག་གཅིག་ལ་རང་བྱུང་གི་ཡེ་ཤེས་ཀྱི་རྒྱུད་གཅིག་དང་། འཁྲུལ་བའི་ཤེས་པའི་རྒྱུད་གཅིག་སྟེ། དེ་ལྟར་གཉིས་སྒྲིལ་མར་གནས་པ་ཡང་མ་ཡིན་ཏེ། ཤེས་པའི་རྒྱུད་གཅིག་ལས་མེད་པར་ཡང་སྨྲའོ། །གང་གི་ཚེ་འཁྲུལ་བའི་སྣང་བ་དང་ལྡན་ཞིང་ཉམས་སུ་མྱོང་བ་དེའི་ཚེ། མ་འཁྲུལ་བའི་དོན་ཉམས་སུ་མྱོང་བ་མེད་པར་ཡང་སྨྲའོ། །གང་གི་ཚེ་མ་འཁྲུལ་བའི་དོན་ཉམས་སུ་མྱོང་བ་དེའི་ཚེ། འཁྲུལ་བ་ཉམས་སུ་མྱོང་བ་མེད་པར་ཡང་སྨྲའོ། །གང་གི་ཚེ་འཁྲུལ་བའི་དོན་ཉམས་སུ་མྱོང་ཞིང་ལོག་པར་ངེས་པའི་ཤེས་པ་སྐྱེས་པ་དེའི་ཚེའང་། ཡང་དག་པའི་དོན་གྱི་རྣམ་པར་སྐྱེས་པའི་ཤེས་པ་ལས་འདས་པར་གྱུར་པ་མེད་པར་ཡང་སྨྲའོ། །གང་གི་ཚེ་ཡང་དག་པའི་ཤེས་པ་ངེས་པའི་ཤེས་པ་དང་བཅས་པར་སྐྱེས་པ་དེའི་ཚེ་ཡང་། ཤེས་པ་རང་གི་རྒྱུད་ལས་བོགས་ཕྱུང་ཞིང་ཁྱད་པར་ཅན་ཐོབ་པ་མེད་པར་ཡང་སྨྲའོ། །གཞན་ཡང་འགལ་བར་གྲགས་པ། མཚན་ཉིད་གཅིག་པའི་ངོ་བོར་འགལ་བ་དང་། རྒྱུན་ལྷན་ཅིག་སྐྱེ་བར་འགལ་བ་ལྟ་བུ་གང་ཡང་རུང་སྟེ། རྫས་སུ་གྲུབ་པའི་ཆོས་འགལ་བ་གཉིས་མཚན་ཉིད་གཅིག་གོ་ཞེའམ། ལྷན་ཅིག་སྐྱེའོ་ཞེས་ནི་མི་སྨྲའོ། །གལ་ཏེ་གཅིག་རྫས་སུ་ཡོད་པ་ཞིག་ལ། གཅིག་རྫས་སུ་མེད་པ་ཞིག་ན་ནི། འགལ་བ་འདུ་བ་མེད་པར་སྨྲའོ། །གལ་ཏེ་གཉིས་ག་རྫས་སུ་མེད་པར་འདོད་ནའང་འགལ་བ་འདུ་བ་མེད་དེ། རྫས་སུ་མེད་ཀྱང་བདེན་པ་དང་བདེན་པ་མ་ཡིན་པའི་ཐ་སྙད་ཀྱི་ཡུལ་དུ་རུང་བ་ནི་སྤྱིར་ཤེས་པར་བྱ་བ་ཡིན་ནོ། །འདིར་རེ་ཞིག་དང་པོར་དཔེ་བརྟགས་པར་བྱ་སྟེ། ཐག་པ་ལ་སྦྲུལ་དུ་འཁྲུལ་བའི་ཤེས་པ་སྐྱེས་པའི་སྦྲུལ་གྱི་མཚན་ཉིད་ནི་གཏན་མེད་པ་ཡིན་ལ། ཐག་པ་དང་སྦྲུལ་དུ་འཁྲུལ་བའི་ཤེས་པ་ནི། མེད་པ་མ་ཡིན་ཏེ་རྫས་སུ་ཡོད་པ་ཉིད་དོ། །དེ་ལ་ཡང་དང་པོ་ཐག་པའི་ཕྱོགས་ལ་བརྟགས་པར་བྱ་སྟེ། ཐག་པ་རྫས་སུ་འདོད་པའི་གང་ཟག་དེ་ལ། འདི་སྐད་བསྟན་པར་བྱ་སྟེ། ཐག་པ་ཞེས་བྱ་བ་ཁྱོད་ཀྱིས་རྫས་སུ་བཟུང་བ་ལྟར། གཅིག་པུའི་མཚན་ཉིད་ཀྱི་རྫས་འདི་ལ་མེད་དེ། འདི་ནི་རྩའམ་སྤུ་དུ་མ་འདུས་པའི་བདག་ཉིད་ཙམ་ལ་ཐག་པ་ཞེས་གཅིག་པུའི་བློ་འབྱུང་བ་ཙམ་དུ་ཟད་དེ། དེ་ལྟར་རྫས་སུ་མེད་དོ། །ཞེས་བསྟན་པར་བྱའོ། །དེ་གྲུབ་པར་གྱུར་ནས། ཡང་རྩའམ་སྤུ་རྫས་སུ་འཛིན་པའི་གང་ཟག་དེ་ལ་རྡུལ་ཕྲ་རབ་ཀྱི་ཆ་ཤས་ཀྱིས་དེ་ལྟར་རྫས་སུ་མེད་པར་བསྒྲུབ་པར་བྱའོ། །དེ་བཞིན་དུ་རྡུལ་ཕྲ་རབ་རྫས་སུ་འཛིན་པའི་གང་ཟག་དེ་ལ་ཡང་། ཕྱོགས་ཆ་དྲུག་གི་ཆ་ཤས་ཀྱི་རྫས་མི་འགྲུབ་སྟེ། དེ་བས་ན་རྫས་སུ་ཡོད་པ་དང་མེད་པ་ནི་རིགས་པ་ཆེ་ཆུང་གི་དབང་གིས་རིམ་པ་བཞིན་དུ། ལ་ལའི་རྫས་སུ་ཡོད་པ་དེ་ཡང་གཞན་གྱི་རྫས་སུ་མེད་པར་འགྱུར་རོ། །ད་ནི་སྦྲུལ་དུ་འཁྲུལ་བའི་ཤེས་པ་བརྟགས་པར་བྱ་སྟེ། སྦྲུལ་དུ་འཁྲུལ་བའི་ཤེས་པ་ཡང་སྨྲའོ། །དེའི་ཚེ་ཤེས་པ་དེ་ནི་ཐག་པའི་རྣམ་པར་སྐྱེས་པའི་ཤེས་པ་ཡིན་པར་ཡང་སྨྲའོ། །སྦྲུལ་དུ་འཛིན་པ་ནི་འཁྲུལ་བ་ཡིན་པར་ཡང་སྨྲའོ། །ཐག་པའི་རྣམ་པར་སྐྱེས་པ་ནི་མ་འཁྲུལ་པའི་ཤེས་པ་ཡིན་པར་ཡང་སྨྲའོ། །འཁྲུལ་བ་དང་མ་འཁྲུལ་བ་གཉིས་ནི་གཅིག་གིས་གཅིག་སྤངས་བའི་མཚན་ཉིད་ཀྱིས་འགལ་བ་ཡིན་པར་ཡང་སྨྲའོ། །དེའི་ཚེ་ཉིད་ན་འཁྲུལ་པའི་ཤེས་པའི་རྒྱུད་གཅིག་དང་། མ་འཁྲུལ་པའི་ཤེས་པའི་རྒྱུད་གཅིག་སྟེ། གཉིས་སྒྲིལ་མར་མེད་པར་ཡང་སྨྲའོ། །གང་གི་ཚེ་སྦྲུལ་དུ་འཛིན་པའི་ཤེས་པ་ལོག་པར་ངེས་པ་ཡོད་པ་དེའི་ཚེ། །ཐག་པར་འཛིན་པའི་ཤེས་པ་ངེས་པའི་ཤེས་པ་མེད་པར་ཡང་སྨྲའོ། །གང་གི་ཚེ་ཐག་པར་འཛིན་པའི་ཤེས་པ་ངེས་པའི་ཤེས་པ་ཡོད་པ་དེའི་ཚེ། སྦྲུལ་དུ་འཛིན་པའི་ཤེས་པ་ལོག་པར་ངེས་པའི་ཤེས་པ་མེད་པར་ཡང་སྨྲའོ། །གང་གི་ཚེ་སྦྲུལ་དུ་འཛིན་པའི་ཤེས་པ་ལོག་པར་ངེས་པ་ཡོད་པ་དེའི་ཚེའང་། རྣམ་པར་ཤེས་པ་དེ་ནི་ཐག་པའི་རྣམ་པར་སྐྱེས་པའི་ཤེས་པ་ཡིན་ཏེ། སྦྲུལ་གྱི་རྣམ་པར་སྐྱེས་པའི་ཤེས་པ་ནི་སྐད་ཅིག་ཀྱང་སྐྱེ་མ་མྱོང་ངོ་ཞེས་ཀྱང་སྨྲའོ། །གང་གི་ཚེ་ཐག་པར་ངེས་པར་འཛིན་པའི་ཤེས་པ་དོན་ལ་ཕྱིན་ཅི་མ་ལོག་པར་སྐྱེས་པ་དེའི་ཚེའང་། ཐག་པའི་རྣམ་པར་སྐྱེས་པ་ཉིད་ཀྱི་རྒྱུན་མ་ཆད་པ་ཡིན་ཏེ། སྔ་མ་ལས། ཁྱད་པར་དུ་གྱུར་ཅིང་བོགས་ཕྱུང་བ་མེད་པར་ཡང་སྨྲའོ། །དེའང་འདི་ལྟར་རྣམ་པར་བཞག་སྟེ། སྦྲུལ་དུ་འཁྲུལ་བའི་ཤེས་པའང་དེ་ལྟར་རྫས་སུ་ཡོད་པ་ཞིག་ཡིན་ལ། ཐག་པའི་རྣམ་པར་སྐྱེས་བའི་ཤེས་པའང་དེ་ལྟར་རྫས་སུ་ཡོད་པ་ཞིག་སྟེ། དེ་ལྟར་རྫས་སུ་ཡོད་པ་གཉིས་ཤེས་པ་གཅིག་གི་ཆོས་སུ་སྒྲུབ་པ་ནི། འགལ་བར་གྱུར་པ་ཞིག་ན། བདག་ཅག་ནི་དེ་ལྟར་སྒྲུབ་པ་མ་ཡིན་ཏེ། སྦྲུལ་དུ་འཛིན་བའི་ཤེས་པ་ནི་དེ་ལྟར་རྫས་སུ་མེད་དོ། །དུས་དེར་དེ་ན་སྦྲུལ་མེད་པའི་ཕྱིར་རོ། །ཡུལ་དང་དུས་གཞན་གྱི་སྦྲུལ་ལ་དམིགས་པ་ཡང་མ་ཡིན་ཏེ། ཐག་པ་ཙམ་གྱིས་བསྐྱེད་པའི་ཤེས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དབང་པོའི་ཤེས་པ་མ་འཁྲུལ་ཡང་ངེས་པར་འཛིན་པའི་ཤེས་པ་འཁྲུལ་ལོ། །ཞེས་ཟེར་བ་དག་ཀྱང་། དེའི་དམིགས་པའི་རྐྱེན་ཡང་ཐག་པ་ཉིད་ཡིན་ཏེ། ཡུལ་དང་དུས་གཞན་གྱི་སྦྲུལ་ལ་ནི་མ་དམིགས་སོ། །དེ་བས་ན་སྦྲུལ་དུ་འཁྲུལ་པའི་ཤེས་པ་དེའི་དམིགས་པའི་རྐྱེན་ཐག་པ་ཉིད་ཡིན་ལ། རྣམ་པར་ཤེས་པ་དེ་ཡང་ཐག་པའི་རྣམ་པར་སྐྱེས་པའི་ཤེས་པ་ཡིན་པས། དེ་ལྟར་རྫས་སུ་ཡོད་ཀྱི། སྦྲུལ་གྱི་རྣམ་པར་སྐྱེས་པའི་མཚན་ཉིད་དུ་ནི་རྫས་སུ་མེད་དོ། །འོ་ན་སྦྲུལ་དུ་འཁྲུལ་པའི་ཤེས་པ་ཡོད་དོ་ཞེས་ཅི་ལ་བྱ་ཞེ་ན། འདི་ནི་ཕྱིན་ཅི་ལོག་སྒྲུབ་པ་ཞེས་བྱ་སྟེ། ཕྱིན་ཅི་ལོག་ཡོད་པར་སྒྲུབ་པ་ཐམས་ཅད་ཀྱང་ཐ་སྙད་ཙམ་སྒྲུབ་པ་ཡིན་ཏེ། རྫས་སྒྲུབ་པ་ནི་མ་ཡིན་ནོ། །དཔེར་ན་མགལ་མེའི་འཁོར་ལོ་ཡོད་དོ་ཞེས་སྒྲུབ་ན་རྒྱུན་མ་ཆད་པའི་མཚན་ཉིད་དུ་ཡོད་པར་ནི་སྒྲུབ་པར་མི་བྱེད་ཀྱི། གཅིག་མྱུར་དུ་བསྐོར་བའི་མཚན་ཉིད་ཡིན་པ་ལ་འཁོར་ལོ་ལྟ་བུར་སྣང་བ་འབྱུང་བས་སྣང་བ་ཙམ་ལ་མགལ་མེའི་འཁོར་ལོ་ཡོད་ཅེས་ཐ་སྙད་འཇུག་ཀྱང་། རྒྱུན་མ་ཆད་པའི་མཚན་ཉིད་ནི་རྫས་སུ་མེད་དོ། །གཅིག་མྱུར་དུ་འཁོར་བ་ནི་རྫས་སུ་ཡོད་དེ། སྣང་བ་ཙམ་མི་སྣང་ངོ་ཞེས་ཀྱང་འགོག་པར་མི་བྱེད་དེ། དེས་ན་འཁོར་ལོ་ལྟར་སྣང་ཡང་། དེ་ལྟ་བུའི་མཚན་ཉིད་མེད་པས་འཁྲུལ་བ་ཞེས་བྱའོ། །དཔེ་གཞན་ཡང་གཞག་པར་བྱ་སྟེ། བརྫུན་པ་ཡོད་དམ་ཞེས་འདྲི་ན། ཡོད་དེ་མེད་ན་རྫུན་དུ་སྨྲ་བ་ཇི་ལྟར་ཉེས་པར་འགྱུར། ཡོད་ན་རྫུན་པ་ཞེས་བྱ་བ་ནི་རི་བོང་གི་རྭ་ལྟ་བུ་ཡིན་ན། རི་བོང་གི་རྭ་ཇི་ལྟ་བུ་ཞིག་ཡོད། རི་བོང་གི་རྭ་ཇི་ལྟ་བུ་ཡང་མེད་དེ། དེའི་ཕྱིར་རི་བོང་གི་རྭ་ཞེས་བྱ་བའི་ཐ་སྙད་རྫུན་དུ་གྲུབ་བོ། །རི་བོང་གི་རྭ་ཉིད་མེད་ན་དེའི་མིང་དོན་ལ་འཇུག་པའི་ཐ་སྙད་ཇི་ལྟར་འགྱུར། དོན་ལ་ཇི་ལྟ་བ་བཞིན་འཇུག་པའི་ཐ་སྙད་དུ་མི་འགྱུར་ཏེ། འོན་ཀྱང་འཇུག་པ་དང་འདྲ་བར་བརྗོད་པས་དེས་ན་རྫུན་ཞེས་བྱའོ། །དེ་བས་ན་བརྫུན་ཞེས་བྱ་བའི་དོན་མ་གྲུབ་པས། བརྗོད་པའི་ཐ་སྙད་དེ་ཡང་དོན་ལ་འཇུག་པའི་ཐ་སྙད་མ་ཡིན་ཏེ། ཐ་སྙད་ལྟར་སྣང་བ་ཡིན་པས་རྫས་སུ་མེད་དོ། །ཐ་སྙད་ཙམ་དུ་ནི་ཡོད་དོ། །ཞེས་བརྗོད་དོ། །དེ་བཞིན་དུ་འཁྲུལ་བའི་ཤེས་པ་ཐམས་ཅད་ཀྱང་དོན་དེ་ལྟར་རྫས་སུ་མེད་པའི་ཕྱིར་རོ། །ཤེས་པ་དེའང་དེ་ལྟར་རྫས་སུ་མེད་པར་ཤེས་པར་བྱའོ། །དེ་ལྟར་དཔེ་བརྒྱུད་མ་དག་བསྟན་ནས། ད་ནི་དོན་ཉིད་བརྗོད་པར་བྱ་སྟེ། སོ་སོ་སྐྱེ་བོ་ཐ་མལ་པའི་ཤེས་པའང་། རང་བྱུང་གི་ཡེ་ཤེས་ཅན་དུ་སྨྲ་བ་དང་། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཡོད་པར་སྨྲ་བ་འདི་ཡང་དེ་དང་འདྲ་སྟེ། འཁྲུལ་བའི་ཤེས་པའང་དེ་ལྟར་རྫས་སུ་ཡོད་པར་འདོད་ལ། རང་བྱུང་གི་ཡེ་ཤེས་ཀྱང་དེ་ལྟར་རྫས་སུ་འདོད་ཅིང་། དེ་གཉིས་ཤེས་པ་གཅིག་གི་མཚན་ཉིད་དུ་སྨྲ་ན་ནི། འགལ་བ་འདུ་བར་འགྱུར་བ་ཞིག་ཡིན་ན། དེ་ལྟར་སྒྲུབ་པར་བྱེད་པ་མ་ཡིན་ཏེ། འཁྲུལ་བའི་ཤེས་པ་ནི་ཐ་སྙད་ཙམ་དུ་ཡོད་དོ་ཞེས་སྒྲུབ་བོ། །རང་འབྱུང་གི་ཡེ་ཤེས་ནི་རེ་ཞིག་མཚན་ཉིད་པར་སྒྲུབ་སྟེ། ཇི་ལྟར་མགལ་མེའི་འཁོར་ལོ་རྒྱུན་མ་ཆད་པའི་མཚན་ཉིད་དུ་རྫས་སུ་མེད་པས། གཅིག་མྱུར་དུ་འཁོར་བའི་མཚན་ཉིད་དུ་རྫས་སུ་ཡོད་པར་གྲུབ་པ་བཞིན་དུ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་འདི་ཡང་གཟུང་བ་དང་འཛིན་པའི་མཚན་ཉིད་དུ་རྫས་སུ་མེད་པས། གང་གི་ཡང་གཟུང་བ་མ་ཡིན་པ། གང་ལ་ཡང་འཛིན་པ་མ་ཡིན་པ། རང་རིག་པའི་མཚན་ཉིད་དུ་རྫས་སུ་གྲུབ་སྟེ། འདི་ལ་འགལ་བ་མེད་དོ། །གཟུང་བ་དང་འཛིན་པའི་མཚན་ཉིད་མེད་ཀྱང་དེར་སྣང་བའི་རྟོག་པ་ཡོད་དོ། །ཞེ་ན། གཟུང་འཛིན་ཉིད་མེད་པའི་ཕྱིར་རྟོག་པ་དེ་ཡང་དེ་ལྟར་རྫས་སུ་མེད་དོ། །འདི་ལྟར་མགལ་མེ་མྱུར་དུ་བསྐོར་བ་འཁོར་ལོར་སྣང་བ་ན། སྣང་བ་དེ་ཉིད་ཀྱི་མཚན་ཉིད་མྱུར་དུ་བསྐོར་བ་ཡིན་ཏེ། འཁོར་ལོ་མ་ཡིན་ནོ། །དེ་བཞིན་དུ་ཐག་པ་ལ་སྦྲུལ་དུ་སྣང་བ་ན་སྣང་བའི་ཤེས་པ་དེ་ཉིད་ཐག་པའི་རྣམ་པར་སྐྱེས་པའི་ཤེས་པ་ཡིན་ཏེ། སྦྲུལ་གྱི་རྣམ་པར་སྐྱེས་པའི་ཤེས་པ་མ་ཡིན་ནོ། །དེ་བཞིན་དུ་གཟུང་བ་དང་འཛིན་པར་སྐྱེ་བའི་རྣམ་པར་རྟོག་པ་དེ་ཡང་། རང་རིག་པའི་མཚན་ཉིད་དུ་སྐྱེས་པ་ཡིན་ཏེ། གཟུང་འཛིན་གྱི་མཚན་ཉིད་དུ་སྐྱེ་བ་ནི་མ་ཡིན་ནོ། །གལ་ཏེ་གཟུང་འཛིན་གྱི་མཚན་ཉིད་དུ་སྐྱེས་པ་ཡོད་པར་ཁས་ལེན་ན་ནི། གཟུང་འཛིན་ཉིད་ཡིན་པར་ཁས་ལེན་པ་ཡིན་ཏེ། དེ་ཡོད་པར་གྱུར་ན། འཁྲུལ་བའི་ཉེས་པ་ཉིད་དུ་ཡང་མི་འགྱུར་རོ། །དེ་བས་ན་ཤེས་པ་གང་ལ་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བ་དེའི་ཚེ་ཉིད་ན་གཉིས་པོས་སྟོང་པའི་རང་རིག་པ་ཙམ་ཉིད་ཡིན་པར་གྲུབ་པའོ། །རང་རིག་པ་དེ་ཉིད་ཡེ་ཤེས་ཞེས་བྱ་སྟེ། དོན་ལ་ཕྱིན་ཅི་ལོག་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་གོང་དུ་དམ་བཅས་པའི་སོ་སོའི་སྐྱེ་བོ་ཐ་མལ་པའི་ཤེས་པའང་རང་བྱུང་གི་ཡེ་ཤེས་ཅན་ཡིན་ནོ། །ཞེས་སྨྲས་པ་འདིའང་གྲུབ་ལ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་འཁྲུལ་བ་ཡིན་པར་ཡང་གྲུབ་བོ། །དེ་ཉིད་ཀྱི་དབང་གིས་ཡེ་ཤེས་དོན་ལ་ཕྱིན་ཅི་མ་ལོག་པ་ཡིན་པར་སྨྲས་པ་ཡང་གྲུབ་བོ། །འཁྲུལ་བའི་ཤེས་པ་ཕྱིན་ཅི་ལོག་ཡིན་པར་སྨྲས་པ་ཡང་གྲུབ་བོ། །དེ་གཉིས་ཕན་ཚུན་སྤངས་པའི་མཚན་ཉིད་ཀྱིས་འགལ་བ་ཡིན་པར་ཡང་གྲུབ་སྟེ། ཇི་ལྟར་མྱུར་དུ་བསྐོར་བའི་མཚན་ཉིད་ཡིན་པ་དང་། འཁོར་ལོའི་མཚན་ཉིད་ཡིན་པ་གཉིས་ཕན་ཚུན་འགལ་བ་ཡིན་ཡང་། འཁོར་ལོའི་མཚན་ཉིད་དུ་རྫས་སུ་མེད་པས། མྱུར་དུ་བསྐོར་བའི་མཚན་ཉིད་དུ་གྲུབ་པ་ལ་འགལ་བ་འདུ་བ་མེད་དོ། །དེ་བཞིན་དུ་འཁྲུལ་བའི་ཀུན་རྟོག་དེ་ལྟར་རྫས་སུ་མེད་པས་རང་རིག་པའི་མཚན་ཉིད་དུ་གྲུབ་པ་ལ་འགལ་བ་འདུ་བ་མེད་དོ། །འཁྲུལ་བའི་ཤེས་པའི་རྒྱུད་དང་རང་བྱུང་གི་ཡེ་ཤེས་ཀྱི་རྒྱུད་གཉིས་ཡོད་པ་ཡང་མ་ཡིན་ཏེ། ཤེས་པ་རྒྱུད་གཅིག་ཡིན་པར་ཡང་གྲུབ་སྟེ། ཇི་ལྟར་འཁོར་ལོའི་རྒྱུན་དང་མྱུར་དུ་བསྐོར་བའི་རྒྱུན་གཉིས་མེད་དེ། དངོས་པོ་གཅིག་གི་རྒྱུན་རྒྱུད་མ་ཆད་པ་ཡིན་པ་དང་། གཞན་ཡང་ཐག་པའི་རྣམ་པར་སྐྱེས་པའི་ཤེས་པའི་རྒྱུད་དང་། སྦྲུལ་གྱི་རྣམ་པར་སྣང་བའི་ཤེས་པའི་རྒྱུད་གཉིས་མེད་དེ། ཤེས་པ་རྒྱུད་གཅིག་ཡིན་པ་བཞིན་དུ། འཁྲུལ་བའི་ཤེས་པ་དང་། རང་བྱུང་གི་ཡེ་ཤེས་ལའང་རྒྱུད་གཉིས་སུ་འགྱུར་བ་མེད་དོ། །གང་གི་ཚེ་གཟུང་འཛིན་གྱི་རྣམ་པར་སྣང་བའི་ཉམས་དང་ལྡན་པའི་ཤེས་པ་སྐྱེས་པ་དེའི་ཚེ། གཟུང་འཛིན་གཉིས་མེད་པར་སྣང་བའི་ཤེས་པ་ཡང་མེད་པ་དང་། དེ་བཞིན་དུ་གཉིས་མེད་པར་སྣང་བའི་ཚེ། གཉིས་སུ་སྣང་བའི་ཉམས་དང་ལྡན་པ་མེད་པ་ཡང་གྲུབ་སྟེ། ཇི་ལྟར་འཁོར་ལོ་སྣང་བའི་ཚེ་མྱུར་དུ་བསྐོར་བར་མི་སྣང་ལ། མྱུར་དུ་བསྐོར་བར་སྣང་བའི་ཚེའང་འཁོར་ལོ་སྣང་བ་མེད་པ་དང་། སྦྲུལ་དུ་སྣང་བ་ཉམས་སུ་མྱོང་བའི་ཚེ། ཐག་པར་ངེས་པའི་བློ་མེད་པ་དང་། ཐག་པར་ངེས་པའི་ཤེས་པ་ཡོད་པ་དེའི་ཚེ། སྦྲུལ་དུ་འཛིན་པའི་བློ་མེད་པ་བཞིན་ནོ། །གང་གི་ཚེ་གཟུང་བ་དང་འཛིན་པའི་ཀུན་དུ་རྟོག་པ་སྐྱེས་པ་དེའི་ཚེའང་། རང་རིག་པའི་མཚན་ཉིད་དུ་སྐྱེས་པ་ལས། སྐད་ཅིག་མ་འགའ་ཡང་འདུས་པ་མེད་པར་སྨྲས་པའང་གྲུབ་སྟེ། ཇི་ལྟར་འཁོར་ལོ་སྣང་བའི་ཚེ་མྱུར་དུ་བསྐོར་བའི་སྐད་ཅིག་ཙམ་ལས་མ་གཏོགས་པ། འཁོར་ལོར་བསྐོར་བ་སྐད་ཅིག་མ་གཅིག་ཙམ་ཡང་མེད་པ་དང་། སྦྲུལ་དུ་སྣང་བའི་ཤེས་པ་སྐྱེས་པ་དེའི་ཚེ། ཐག་པའི་རྣམ་པར་སྐྱེས་པའི་ཤེས་པའི་སྐད་ཅིག་མ་ཙམ་ལས་མ་གཏོགས་པ། སྦྲུལ་གྱི་རྣམ་པར་སྐྱེས་པའི་ཤེས་པ་ནི་སྐད་ཅིག་མ་གཅིག་སྐྱེས་པའང་མེད་པ་བཞིན་ནོ། །གང་གི་ཚེ་དོན་ལ་ཕྱིན་ཅི་མ་ལོག་པའི་ཤེས་རབ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ་སྐྱེས་པའི་དུས་ནའང་། རང་བྱུང་གི་ཡེ་ཤེས་ཉིད་ཀྱི་རྒྱུན་ལས་བོགས་ཕྱིན་ཅིང་ཁྱད་པར་ཅན་ཐོབ་པ་མེད་པར་ཡང་སྨྲས་པ་གྲུབ་སྟེ། ཇི་ལྟར་ཐག་པར་ངེས་པར་ཤེས་པའི་ཤེས་པ་སྐྱེས་པ་ན། ཐག་པའི་རྣམ་པར་སྐྱེས་པའི་ཤེས་པའི་རྒྱུན་ཉིད་ཡིན་ཏེ། རྒྱུན་མི་འདྲ་བ་གཞན་ཞིག་སྐྱེས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྦྲུལ་གྱི་རྣམ་པར་ཤེས་པ་སྐྱེ་བ་སྐད་ཅིག་ཀྱང་མ་མྱོང་བའི་ཕྱིར་རོ། །དེ་བཞིན་དུ་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བའི་ཤེས་པ་སྐྱེས་པའི་ཚེ་ཉིད་ནའང་། རང་རིག་པའི་མཚན་ཉིད་དུ་སྐྱེས་པ་ཙམ་ལས་མ་གཏོགས་པ། གཟུང་འཛིན་གྱི་མཚན་ཉིད་དུ་སྐྱེས་པ་སྐད་ཅིག་ཙམ་ཡང་མ་གྲུབ་པས། མི་རྟོག་པའི་ཡེ་ཤེས་སྐྱེས་པའི་ཚེ་ན་ཡང་རང་རིག་པའི་མཚན་ཉིད་ཡེ་ནས་ཡིན་པ་ལ་དེ་ལྟར་སྐྱེས་པ་ཙམ་དུ་ཟད་དེ། འདི་ལ་གཟུང་འཛིན་དུ་སྐྱེས་པའི་མཚན་ཉིད་ལས་གནས་གྱུར་ནས་རང་རིག་པའི་མཚན་ཉིད་དུ་སྐྱེས་པ་ནི་མེད་དོ། །དེ་ལྟར་ན་སོ་སོའི་སྐྱེ་བོ་ཐ་མལ་པའི་ཤེས་པའང་རང་འབྱུང་གི་ཡེ་ཤེས་ཅན་ནོ། །ཞེས་གསུངས་པ་འདིའང་དགོངས་པའི་ཚིག་མ་ཡིན་ཏེ། གཟུགས་པོར་གསུངས་པ་ཉིད་ཡིན་པས། དོན་འདི་ཡང་མཚན་ཉིད་པ་ཡིན་པར་ཤེས་པར་བྱའོ། །མཚན་ཉིད་པ་འདི་ཡང་གསང་སྔགས་ཀྱི་གཞུང་གིས་རྫས་སུ་འདོད་པ་ནི་མ་ཡིན་མོད་ཀྱི་རྫས་སུ་མེད་པར་འདྲ་ཡང་། རེ་ཞིག་བདེན་པ་དང་། བདེན་པ་མ་ཡིན་པ་ཙམ་དུ་མཚན་ཉིད་པ་དང་མཚན་ཉིད་པ་མ་ཡིན་པ་སྒྲུབ་སྟེ། དཔེར་ན་སྐྱེས་བུ་མཁས་པ་དག །སྨིག་རྒྱུ་ལ་སྔོ་བ་དང་གཡོ་བའི་རྫས་མེད་པར་གྲུབ་ཀྱང་། བླུན་པོ་སྨིག་རྒྱུ་ལ་ཆུར་འཁྲུལ་བ་དག་ལ། འདི་ཆུ་མ་ཡིན་ཏེ་སྨིག་རྒྱུ་ཡིན་ནོ་ཞེས། ཆུ་ནི་མཚན་ཉིད་པ་མ་ཡིན་པ་ལ་སྨིག་རྒྱུ་ནི་མཚན་ཉིད་པར་སྟོན་ནོ། །གཞན་ཡང་ཐེག་པ་ཆེན་པོ་པ་དག །ཐག་པ་དང་རྩྭ་དང་རྡུལ་གྱི་ཆ་ཤས་དག་རྫས་སུ་མི་འདོད་ཀྱང་བླུན་པོ་དག་ཐག་པ་ལ་སྦྲུལ་དུ་འཁྲུལ་བ་དག་ལ་འདི་ནི་སྦྲུལ་མ་ཡིན་ཏེ། ཐག་པ་ཡིན་ནོ་ཞེས་ཐག་པ་མཚན་ཉིད་པར་སྟོན་ནོ། །དེ་བཞིན་དུ་ཐག་པ་ཞེས་བྱ་བ་གཅིག་པུ་ཟླུམ་རིལ་གྱི་རྫས་སུ་མེད་དེ། རྩྭ་དུ་མ་འདུས་པ་ཡིན་ནོ་ཞེས་རྩྭའི་མཚན་ཉིད་དུ་སྟོན་ཏོ། །དེ་བཞིན་དུ་རྩྭ་ཞེས་བྱ་བ་དུ་མའི་མཚན་ཉིད་དུའང་མེད་དེ། རྡུལ་ཕྲ་རབ་ཀྱི་ཆ་ཤས་ཡིན་ནོ་ཞེས་པ་དང་། རྡུལ་གྱི་རྫས་ཀྱང་མེད་དེ་སྟོང་པ་ཉིད་ཡིན་ནོ་ཞེས་བྱ་བ་དང་། སྟོང་པ་ཉིད་ཀྱང་དངོས་པོ་ལ་བརྟེན་པའི་བློས་བསྒྲུབ་པ་ཡིན་ཏེ། ཇི་ལྟ་བུའི་ངོ་བོར་ཡང་སྒྲུབ་ཏུ་མི་རུང་ངོ་ཞེས་བྱ་བའི་བར་དུ་སྟོན་ཏོ། །དེ་བཞིན་དུ་གསང་སྔགས་ཀྱི་ཚུལ་ལས་ཀྱང་། ཆོས་གང་ལ་ཀུན་རྫོབ་ཀྱི་རྫས་ཙམ་དུ་ཡང་ཡོད་པ་མ་ཡིན་པར་འདོད་མོད་ཀྱི། རེ་ཞིག་ཐེག་པ་འོག་མའི་གཞུང་བཟུང་ནས། ལྟ་བ་དམན་པའི་གང་ཟག་རྣམས་ལ་འདི་སྐད་དུ་སྟོན་པར་གྱུར་ཏེ། ཁམས་གསུམ་པའི་འཁྲུལ་བའི་ཤེས་པ་དང་། དེའི་རྣམ་པར་སྨིན་པ་འདི་དག་ནི། ཇི་ལྟར་སྣང་བ་འདི་ལྟར་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་ཏེ། ཐམས་ཅད་རང་བྱུང་གི་ཡེ་ཤེས་དང་། ཡེ་ཤེས་རོལ་པའི་དཀྱིལ་འཁོར་ཡིན་ནོ། །ཞེས་དེའི་མཚན་ཉིད་དུ་སྟོན་ཏོ། །སྐུ་དང་ཡེ་ཤེས་དེ་དག་ཀྱང་དེ་ལྟ་བུའི་མཚན་ཉིད་དུ་ཡང་གྲུབ་པ་མེད་དེ་ཆོས་ཐམས་ཅད་ཀྱི་མཚན་ཉིད་ནི། གང་ལྟར་ཡང་རྣམ་པར་བཞག་ཅིང་མཚན་ཉིད་གཟུང་དུ་མེད་པས་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པའི་ཕྱིར་རྡོ་རྗེའི་ཐེག་པ་ཞེས་ཀྱང་འདོད་དོ། །དེ་བས་ན་འདི་ལྟར་སྣང་བ་ཐམས་ཅད་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ཡིན་ཞིང་མཚན་ཉིད་པར་གྲུབ་པ་གང་ཡང་མེད་པ་དང་། རེ་ཤིག་ཙམ་དུ་ཡེ་ཤེས་རང་སྣང་བའི་སྤྱོད་ཡུལ་ཡིན་པས། ཡེ་ཤེས་རོལ་པའི་དཀྱིལ་འཁོར་ཡིན་པས། འདི་ཙམ་དུ་བདེན་པའི་ཕྱིར་གང་གིས་གང་དུའང་རུང་སྟེ། འདི་ལྟར་ཡིད་ལ་བྱས་ཤིང་འདི་ལྟ་བུར་སྣང་བ་བརྟན་པར་གྱུར་ན། མྱ་ངན་ལས་འདས་པའི་གོ་འཕང་ལ་མི་སླུ་བའི་ཕྱིར། སྣང་བ་ཐམས་ཅད་ཀྱི་ནང་ན་དམ་པ་ཡིན་པས། ཀུན་རྫོབ་ཀྱི་བདེན་པ་ཡང་དག་པའི་ཀུན་རྫོབ་ཅེས་ཀྱང་ཐ་སྙད་གདགས་སོ། །སྣང་བ་གཞན་ནི་ཐར་བའི་དོན་ལ་སླུ་བའི་ཕྱིར་སྣང་དུ་འདྲ་ཡང་ལོག་པའི་ཀུན་རྫོབ་ཡིན་ནོ། །འདིར་བརྒལ་བ། དབང་པོ་དྲུག་གི་སྤྱོད་ཡུལ་དུ་སྣང་བ་འདི་དག་ནི། འཁྲུལ་བའི་དབང་གིས་སྣང་བ་ཡིན་ཏེ། མ་འཁྲུལ་བའི་དབང་གིས་སྣང་བ་ནི་མ་ཡིན་ནོ། །འཁྲུལ་པ་ནི་ཟག་པས་བཅིངས་པའི་ཕྱིར་འཁོར་བའི་རྒྱུ་ཡིན་པས། རྣམ་པར་བྱང་བའི་ཆོས་སུ་ཡང་མི་འགྱུར་རོ་ཞེ་ན། ཕྱོགས་གཅིག་བདེན་མོད་ཀྱི། སྣང་བ་ནི་འཁྲུལ་བའི་དབང་དང་། རང་རིག་པའི་དབང་དང་། ཆོས་ཉིད་སྐྱེ་བ་མེད་པའི་དབང་གིས་སྣང་བར་འགྱུར་ཏེ། འདི་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པས་ངོ་བོ་ཉིད་གྲུབ་པ་གང་ཡང་མ་ཡིན་པ་ཞིག་མ་ཡིན་ན་ཡང་། ཅིར་ཡང་སྣང་བར་མི་འགྱུར་རོ། །གལ་ཏེ་ཤེས་པ་རང་རིག་པ་ཞིག་མ་ཡིན་ཏེ། ཤེས་རིག་གི་མཚན་ཉིད་དང་བྲལ་བ་ཞིག་ཡིན་ན་ཡང་། སྣ་ཚོགས་སུ་སྣང་བར་མི་འགྱུར་རོ། །མ་འཁྲུལ་ན་སྣ་ཚོགས་སུ་སྣང་བར་མི་འགྱུར་ཏེ། འདི་གསུམ་གྱི་དབང་གིས་སྣང་བར་འདྲ་བ་ལས། སྣང་བ་གང་གིས་གྲོལ་བར་སྣང་བ་ནི། རྣམ་པར་བྱང་བའི་ཆོས་ཤེས་བྱའོ། །སྣང་བ་གང་གིས་འཆིང་བར་སྣང་བ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཤེས་བྱ་སྟེ། ཆོས་རྣམ་པར་གཞག་པ་འདི་གཉིས་ཀྱང་འཁྲུལ་བར་སྣང་བའི་དབང་དུ་བྱས་ནས་བཞག་གི ། སྣང་བ་དང་བྲལ་བའི་དབང་དུ་ནི་མ་ཡིན་ནོ། །དེ་ལྟར་གཞུང་ལས་ཀྱང་གསུངས་ཏེ། ཀུན་ནས་ཉོན་མོངས་པ་འཁྲུལ་བའི་མཚན་ཉིད་ཡིན་པར་བསྟན་པ་དང་། འཁྲུལ་བ་དེ་སྣང་བར་བསྟན་པ་ཡང་གསུངས་ཏེ། འཇམ་དཔལ་བཤེས་གཉེན་གྱི་ཞལ་སྔ་ནས་གསུངས་པ། ཀུན་དུ་རྟོག་ཅན་ཡང་དག་མ་ཡིན་ཀུན་དུ་རྟོག་པས་རྩོལ་མེད་ཉམས། །བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མ་དག་རྐྱེན་གྱི་དབང་སོང་བས། །སེམས་དང་སེམས་ལས་བྱུང་བ་དེ་ཉིད་ལུས་གསུམ་དོན་དུ་སྣང་བ་ཡིན། །ཞེས་གསུངས་སོ། །ལུས་གསུམ་གྱི་དོན་ཀྱང་དབུས་མཐའ་ལས། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ་དེའི་དོན་མེད། །ཅེས་གསུངས་སོ། །རྣམ་པར་བྱང་བའི་ཆོས་འཁྲུལ་བ་ལ་སྣང་བ་ཡིན་པ་དང་། སྣང་བ་མ་གྲུབ་པར་བསྟན་པ་གསུངས་ཏེ། བདེ་གཤེགས་བྱང་ཆུབ་མེད་ཕྱིར་དེ་ཡི་རྫུ་འཕྲུལ་སྒྱུ་འདྲ་འཁྲུལ་ལ་སྣང་། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བའི་ཆོས་སུ་སྣང་བ་གཉིས་ག་ཡང་སྒྱུ་མ་ལྟ་བུ། སེམས་ཅན་གྱི་བསམ་པ་ལ་སྣང་བ་ཙམ་ཡིན་པར་ཡང་། དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་གསུངས་པ། སེམས་ནི་སྒྱུ་མའི་རྣམ་པ་སྟེ། །བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ། །དཔེར་ན་སྒྱུ་མའི་མཁན་པོ་འགས། །གྱོ་མོ་ལ་ནི་སྔགས་བཟླས་ནས། །ལེགས་པར་བྱས་པའི་གཟུགས་དག་ལ། །སྦྱོར་བ་གོམས་པས་བསྣུན་ན་ནི། །རྐང་བཞི་པ་ལ་སོགས་པའི་གཟུགས། །ཞེན་པའི་སེམས་ལ་སྣང་བར་འགྱུར། །དེ་བཞིན་བསོད་ནམས་ཡེ་ཤེས་ལས། །འབྱུང་བའི་ཚོགས་ཀྱིས་བསྒོས་པའི་སེམས། །སེམས་ཅན་རྣམས་ཀྱི་བསམ་པ་ལ། །བླ་མེད་བྱང་ཆུབ་སྣང་བར་བྱེད། །ཅེས་གསུངས་སོ། །དེ་བས་ན་སྣང་བ་ཐམས་ཅད་གང་ཅི་སྣང་ཡང་རུང་སྟེ། སེམས་ཅན་གྱི་བསམ་པ་ལ་སྣང་བ་སྒྱུ་མ་ལྟ་བུ་འཁྲུལ་བའི་སྣང་བ་ཉིད་ཡིན་པར་ཤེས་པར་བྱའོ། །འོ་ན་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་སྣང་བའང་འཁྲུལ་བའི་སྣང་བ་ཡིན་ནམ་ཞེ་ན། དེ་ཡང་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་ནི་སྣང་བ་ཉིད་མ་ཡིན་ཏེ། མི་རྟོག་པ་ཉིད་ཡིན་པའི་ཕྱིར་རོ། །དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་སྣང་བ་ནི། ཁ་ཅིག་མི་འདོད་པ་ཡང་ཡོད་དོ། །གལ་ཏེ་འདོད་ན་ཡང་། སེམས་ཅན་དག་གཟིགས་པ་ཙམ་ཡིན་པས། ཉིད་ལ་སྣང་བའི་བག་ཆགས་ཟད་པའི་ཕྱིར། དེ་ཙམ་བཟོད་པར་བྱའོ། །ཞེས་བཤད་དོ། །ཡོང་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི། བསམ་གྱིས་མི་ཁྱབ་པའི་ཡུལ་ཡིན་པས་འདི་ལ་མི་བརྩད་པར་བཞག་གོ ། ཞེས་བཤད་དོ། །དེ་བས་ན་སྣང་བ་ཐམས་ཅད་འཁྲུལ་བའི་དབང་གིས་སྣང་བ་ཡིན་ནོ། །ཞེས་བྱ་བ་ནི་བདེན་ནོ། །འཁྲུལ་བའི་སྣང་བ་ཐམས་ཅད་ཟག་པས་བཅིངས་པ་ཡིན་ནོ། །ཞེས་བྱ་བ་ནི་བདེན་པ་མ་ཡིན་ཏེ། སྣང་བ་ཁ་ཅིག་ལས་དང་ཉོན་མོངས་པའི་གཉེན་པོར་འགྱུར་ཏེ་ཟག་པ་རྒྱས་པར་མི་བྱེད་པ་ཡང་ཡོད་དོ། །གཞན་ཤེས་པ་ལ་བེམ་པོ་དང་བརྡོས་པ་མེད་པས་ཅི་ཡང་སྣང་བའི་རྒྱུར་ཡང་འགྱུར་ཏེ། བརྡོས་པ་ཅན་གྱི་ཆོས་མིན་པས་ཇི་ལྟར་དམིགས་པ་དེར་སྣང་ངོ་། །ཞེས་གསུངས་པ་ལྟ་བུའོ། །ཆོས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པས་སྣང་བར་ཡང་གསུངས་པ། རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་བརྟགས་པ་དེར་སྣང་སྟེ། །ཞེས་གསུངས་ཏེ། དེ་བས་ན་སྣ་ཚོགས་སུ་སྣང་བའི་རྒྱུ་ནི། ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་པ་སྣ་ཚོགས་པས་བཞག་པའི་བག་ཆགས་ཀྱི་ཁམས་སྣ་ཚོགས་ཅན་ཡིན་པ་དང་། ཤེས་པ་ཉིད་རང་རིག་པ་ཡིན་ཏེ། བེམ་པོ་དང་བརྡོས་པ་ཅན་མ་ཡིན་པས་གཟུགས་བརྙན་ཐམས་ཅད་སྣང་དུ་རུང་བ་ཅན་ཡིན་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་དང་། ཅི་ཡང་མ་ཡིན་པས། གེགས་མེད་པའི་ཕྱིར་ཅིར་ཡང་སྣང་དུ་རུང་བ་ཡིན་ནོ། །དེ་ལྟར་སྣང་བའི་རྐྱེན་གསུམ་རྣམ་པར་བཞག་པ་ལས། ཆོས་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་དང་། ཤེས་པ་རང་རིག་པའི་ཚུལ་གཉིས་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོའི་སྣང་བ་ཐམས་ཅད་ལ་ཐུན་མོང་དུ་བདག་པོའི་རྐྱེན་དུ་འགྱུར་རོ། །འཁྲུལ་བའི་ཤེས་པས་བཞག་པའི་བག་ཆགས་ཀྱི་ཁམས་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམ་པ་གཉིས་སུ་འགྱུར་ཏེ། སྤྱིར་འཁྲུལ་བའི་དབང་གིས་བཞག་པ་ཡིན་པས། སྣང་བ་ཐམས་ཅད་ཀྱི་རྐྱེན་དུ་འགྱུར་བ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གཉིས་གའི་ཐུན་མོང་གི་སྣང་བའི་རྒྱུའི་རྐྱེན་དུ་འགྱུར་རོ། །ནག་པོའི་བག་ཆགས་དང་དཀར་པོའི་བག་ཆགས་ཀྱི་སྒོ་ནས་ནི། ཐུན་མོང་མ་ཡིན་པའི་རྒྱུའི་རྐྱེན་དུ་འགྱུར་རོ། །དེ་ལ་ནག་པོའི་བག་ཆགས་དེ་ནི། ཤིན་ཏུ་འཁྲུལ་བའི་བློས་བསྐྱེད་པ་ཡིན་པའི་ཕྱིར། ཐམས་ཅད་དུ་ལོག་པར་སྦྱོར་བས་དེའི་རྒྱུ་ལས་བྱུང་བའི་སྣང་བ་ཡང་། ཤིན་ཏུ་བསླུ་བ་ཡིན་པའི་ཕྱིར་རོ། །སླུ་བ་ཆེན་པོ་སྟེ། དེ་ལ་སླུ་བ་ཞེས་བྱ། མི་བདེན་པ་ཞེས་བྱ། འཁྲུལ་བ་ཞེས་བྱ། ཡིད་བརྟན་དུ་མི་རུང་བ་ཞེས་བྱ། དཀར་པོའི་བག་ཆགས་ཀྱི་རྒྱུ་ལས་བྱུང་བའི་སྣང་བ་རྣམས་ནི། ཡང་དག་པར་བདེན་པ་མ་ཡིན་ནའང་མཁས་པ་རྣམས་ཀྱིས་དེ་ལ་བློ་བཞག་ཅིང་བརྟེན་པར་བཟོད་པ་སྟེ། ཐར་པ་ལ་མི་བསླུ་བའི་ཕྱིར། དེ་ནི་མི་བསླུ་བ་ཞེས་བྱ། བདེན་པ་ཞེས་བྱ། མ་འཁྲུལ་བ་ཞེས་བྱ། ཡིད་བརྟན་དུ་རུང་བ་ཅེས་བྱ། དེ་དག་གི་ཕྱིར་དབང་པོ་དྲུག་གི་སྤྱོད་ཡུལ་དུ་སྣང་བའི་ཆོས་འདི་རྣམས་ལ། བག་ཆགས་ངན་པའི་བློས་བསྐྱེད་པ་རྣམས་ཀྱིས། མཐོང་ཞིང་བརྟགས་པ་ལྟར་གྲུབ་པ་ནི་མ་ཡིན་གྱི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཚུལ་ལས་གསུངས་པ་ལྟར་དཀར་པོའི་བག་ཆགས་ཀྱི་སྟོབས་ཀྱིས་བསྐྱེད་པ་རྣམས་ཀྱི་སྣང་བ་ལྟར་ཡེ་ཤེས་རོལ་པའི་དཀྱིལ་འཁོར་དུ་སྣང་བ་འདི་ནི་གྲུབ་བོ། །ཞེས་བཟོད་པར་བྱའོ། །དེ་བས་ན་འཁྲུལ་བ་ཆེ་ཆུང་གི་སྣང་བ་ལ་འཁྲུལ་པ་དང་མ་འཁྲུལ་པར་རྣམ་པར་བཞག་པ་དང་། ཡོད་པ་དང་མེད་པར་རྣམ་པར་བཞག་པ་འདི་ལ་ཉེས་སྐྱོན་མེད་དེ། ཇི་ལྟར་སྦྲུལ་དང་ཐག་པ་དང་ཆ་ཤས་དང་རྡུལ་དང་སྟོང་པ་ཉིད་ལ་སོགས་པ་ལ་གཉིས་ལྟོས་ནས་བཞག་པའི་ཚེ། སྔ་མ་སྔ་མ་རྣམས་མེད་དོ། །ཞེས་བརྗོད་པ་ཡང་སྐུར་བ་མ་བཏབ་པ་ཡིན་ལ། ཕྱི་མ་ཕྱི་མ་རྣམས་ཡོད་དོ། །ཞེས་བརྗོད་པ་ཡང་སྒྲོ་མ་བཏགས་པ་ཡིན་ནོ། །དེ་དག་གི་ཤེས་པ་ལ་ཡང་སྔ་མ་སྔ་མའི་ཤེས་པ་ནི་འཁྲུལ་བ་ཡིན་ནོ་ཞེས་བརྗོད་པ་ཡང་སྐུར་པ་བཏབ་པ་མ་ཡིན་ལ། ཕྱི་མ་ཕྱི་མའི་ཤེས་པ་རྣམས་མ་འཁྲུལ་བའི་ཤེས་པ་ཡིན་ནོ། །ཞེས་བྱ་བ་འདི་ཡང་སྒྲོ་བཏགས་པ་མ་ཡིན་ནོ། །ཇི་ལྟ་ཇི་ལྟར་འཁྲུལ་བར་བཞག་པ་དེ་ལྟ་དེ་ལྟར་རྫས་སུ་མེད་པ་ཡིན་ནོ། །ཞེས་བྱ་བ་འདི་ཡང་སྐུར་བ་བཏབ་པ་མ་ཡིན་ལ། ཇི་ལྟ་ཇི་ལྟར་མ་འཁྲུལ་བ་ཡིན་པ་དེ་ལྟ་དེ་ལྟར་རྫས་སུ་གྲུབ་པ་ཡིན་ནོ། །ཞེས་བྱ་བ་འདི་ཡང་སྒྲོ་བཏགས་པ་མ་ཡིན་ནོ། །དེ་བས་ན་རྫས་དང་རྫས་མེད་པ་དང་། འཁྲུལ་བ་དང་མ་འཁྲུལ་བ་གཉིས་ཀ་ཡང་ཆོས་རྣམས་ཀྱི་མཚན་ཉིད་ལ་དེ་ལྟར་བཟོད་པ་ནི་མེད་དོ། །བློའི་སྟོབས་ཆེ་ཆུང་ལས་ཆོས་ཀྱི་མཚན་ཉིད་ཀྱང་རྣམ་པར་གཞག་པ་ཙམ་དུ་ཟད་དོ། །དོན་འདི་དག་གི་ཕྱིར་ན། ལུང་དང་རིགས་པ་གཉིས་གས་གྲུབ་པ་ཡིན་པས། གསང་སྔགས་ཀྱི་ཚུལ་ལས་སྣང་བ་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་སྣང་བའི་དཀྱིལ་འཁོར་དུ་འདོད་པ་འདི་ལ། རང་གི་གྲུབ་པའི་མཐའ་འཛིན་པ་ལ་ལ་དག །འདི་དག་ནི་གཉེན་པོའི་དོན་དུ་གསུངས་པ་ཡིན་ཏེ། མཚན་ཉིད་པ་མ་ཡིན་ནོ་ཞེའམ། ཀུན་བརྟགས་པ་དང་དབང་འབྱོར་པའི་གཟུགས་ཡིན་ཏེ་མཚན་ཉིད་པ་མ་ཡིན་ནོ། །ཞེའམ། ལུང་དེའང་དགོངས་པའི་དབང་གིས་གསུངས་པ་ཡིན་ཏེ། གཟུགས་པོར་གསུངས་པ་མ་ཡིན་ནོ། །ཞེས་དེ་སྐད་མ་ཟེར་ཤིག །གསང་སྔགས་ཀྱི་གྲུབ་པའི་མཐའ་འཛིན་པའི་གང་ཟག་རྣམས་ཀྱིས་ཀྱང་སྣང་བ་ཐམས་ཅད་ཀྱང་རེ་ཞིག་ཤེས་པ་འཁྲུལ་བ་སྣང་བའི་དབང་དུ་ནི། ཡེ་ཤེས་རོལ་བའི་དཀྱིལ་འཁོར་ཡིན་ལ། དེ་ཡང་ཡེ་ཤེས་རང་སྣང་བ་ཙམ་སྟེ། ཡེ་ཤེས་དེའང་རང་འབྱུང་ཡིན་ལ། རང་འབྱུང་གི་ཡེ་ཤེས་དེ་ཉིད་ཀྱང་ཡང་དག་པར་མ་གྲུབ་ན། འདིའི་རོལ་པའི་དཀྱིལ་འཁོར་ལྟ་ག་ལ་འགྲུབ། ཅེས་ཀྱང་རྟོགས་ཤིང་གོམས་པར་བྱས་ནས། རོལ་པའི་དཀྱིལ་འཁོར་དེ་དག་ལའང་སངས་རྒྱས་དང་མཐུན་པར་འགྲོ་བའི་དོན་དུ་སྤྲུལ་པར་བྱའོ། །འདིར་བརྒལ་བ། དབང་པོ་དྲུག་གི་སྤྱོད་ཡུལ་དུ་སྣང་བ་འདི་དག་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ཡིན་པར་བདེན་པ་ལྟ་གྲུབ་ཏུ་རུང་སྟེ། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཅི་ཡང་མ་ཡིན་པ་ཡིན་པས་སྣང་བ་གཉིས་ཀ་རུ་མ་ངེས་པ་དང་། མ་ངེས་པ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་དག་པ་ཡིན་པ་དང་། རང་བྱུང་གི་ཡེ་ཤེས་རང་རིག་པའི་དབང་གིས་སྣང་བ་ཡིན་པ་དང་། བཟང་པོའི་བག་ཆགས་ཀྱི་སྟོབས་དང་ལྡན་པ་རྣམས་ཀྱི་སྣང་བ་ནི། ཐར་པ་མི་སླུ་བས་བདེན་པ་ཡིན་པར་གྲུབ་ཏུ་རུང་ན། དེ་དང་འདྲ་བར་ངན་པའི་བག་ཆགས་ཀྱིས་སྣང་བའང་བདེན་པར་གྲུབ་སྟེ། མངོན་སུམ་གྱི་སྣང་བ་ཐམས་ཅད་ནི་སྒྲོ་སྐུར་དང་བྲལ་བ་ཡིན་པའི་ཕྱིར་དང་། ཤེས་པ་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར། འདི་ཡང་བདེན་པར་གྲུབ་པར་འདྲའོ་ཞེ་ན། མངོན་སུམ་གྱི་སྣང་བ་ཐམས་ཅད་གང་ཅི་ཡང་རུང་སྟེ་ནམ་མཁའི་སྐྲ་ཤད་དང་། ཟླ་བ་གཉིས་པ་ལ་སོགས་པ་ཀུན་ཀྱང་སྒྲོ་སྐུར་མེད་པ་ཡིན་པ་དང་། ཤེས་པའི་ངོ་བོ་ཉིད་ཡིན་པ་ནི་བདེན་མོད་ཀྱི་དེ་ཉིད་དེ་ལྟ་བུར་བདེན་པར་བཞག་ཏུ་མི་རུང་སྟེ། དོན་ཇི་ལྟ་བ་བཞིན་དུ་བྱེད་པ་ལ་སླུ་བའི་བྱེ་བྲག་ཡོད་པས་དེ་ལྟར་སྣང་བ་བདེན་ཀྱང་། དེ་ལྟ་བུའི་མཚན་ཉིད་དུ་གཞག་ཏུ་མི་རུང་སྟེ། དེ་ན་གོང་དུ་དཔྱད་ཟིན་ཏོ། །ཡང་འདི་སྐད་དུ། རྒྱལ་བའི་དཀྱིལ་འཁོར་དུ་སྣང་བ་དེ་ནི་གང་ཟག་དེ་ཉིད་ཀྱི་སྣང་བ་ཡིན་ལ། ཐུན་མོང་གི་སྣང་བ་ནི་གང་ཟག་གཞན་གྱི་སྣང་བ་ཡིན་པས། དངོས་པོ་གཅིག་གི་མཚན་ཉིད་དུ་མི་རུང་ངོ་ཞེ་ན། དེ་ནི་བདེན་མོད་ཀྱི་སྐྱོན་དེ་ནི་ཁྱོད་ཉིད་ཀྱི་གཞུང་ལ་ཡང་ཡོད་མོད་དེ། ཇི་ལྟར་ཡི་དྭགས་རྣམས་ཀྱིས་ཆུ་ཀླུང་ལ་རྣག་ཏུ་མཐོང་ངོ་། །ཞེས་བརྗོད་པ་ན་རྣག་ཏུ་སྣང་བ་ནི་ཡི་དྭགས་ཀྱི་བློའི་སྣང་བ་ཡིན་ལ། ཆུ་ཀླུང་དུ་སྣང་བ་ནི་མི་ལ་སོགས་པ་རང་གི་སྣང་བ་སྟེ། དེ་ལྟ་ན་སྣང་བའི་གཞི་སོ་སོ་ཡིན་ན་ཆུ་ཀླུང་ལ་རྣག་ཏུ་མཐོང་ཞེས་བརྗོད་པ་ཅི་ཞིག་དགོས། སྨྲས་པ། དེ་ནི་རླན་པ་དང་གཡོ་བའི་མཚན་ཉིད་དག་ཐུན་མོང་གི་སྣང་བ་ཡིན་པ་དང་། མི་དང་དུད་འགྲོ་ཕལ་མོ་ཆེ་ལ་སྣང་བའི་རྒྱུན་འདི་གཞིར་བྱས་ནས། ཡི་དྭགས་རྣམས་ལ་ངན་པར་སྣང་བའི་མཚན་ཉིད་ཀྱིས་དེ་ལྟར་དུ་ཁྱད་པར་དུ་བྱས་ནས་དེ་སྐད་ཅེས་བརྗོད་དོ་ཞེ་ན། དེ་ལྟ་བུ་ཡིན་པའི་ཕྱིར། ཁོ་བོ་ཅག་ཀྱང་འཁྲུལ་བའི་སྣང་བ་ཐུན་མོང་དུ་བྱས་ནས། སྣང་བ་དག་པ་དང་མ་དག་པ་གཉིས་སུ་རྣམ་པར་ཕྱེ་ནས་བཞག་པ་འདི་ལ་ཉེས་པ་ཅི་ཡོད། ཡང་བརྒལ་བ། ཐུན་མོང་བའི་སྣང་བའི་དུས་དང་། ཡོངས་སུ་དག་པར་སྣང་བའི་དུས་གཉིས་རང་གི་ངོ་བོ་ཐ་དད་ཡིན་པས། དངོས་པོ་གཅིག་གི་མཚན་ཉིད་དུ་མི་རུང་ངོ་ཞེ་ན། སྐྱོན་དེའང་ཁྱོད་ཉིད་ལ་ཡང་ཡོད་པ་ཡིན་ཏེ། སྐད་ཅིག་མ་སྔ་མ་ལ་སྣང་བའི་ས་དང་། ཕྱི་མ་ལ་སྣང་བའི་ས་གཉིས་ཀྱང་གཅིག་པ་མ་ཡིན་ཏེ། སྐད་ཅིག་མ་གཉིས་པར་སྡོད་པའི་དངོས་པོ་ནི་གང་ཡང་མེད་པའི་ཕྱིར་རོ། །སྨྲས་པ། གཉིས་པར་སྡོད་པ་མེད་ཀྱང་དངོས་པོ་རྣམས་ཀྱི་རྒྱུན་རྒྱུད་མ་ཆད་པ་ལ་མཚན་ཉིད་རྣམ་པར་བཞག་པ་ཡིན་ནོ་ཞེ་ན། དེ་ལྟར་ན་ཁོ་ཅག་ཀྱང་དེ་དང་འདྲ་བ་ཡིན་ཏེ། འཁྲུལ་བའི་སྣང་བའི་རྒྱུན་རྒྱུད་མ་ཆད་པ་གཞིར་བྱས་ནས། དེ་ལ་མ་དག་པའི་མཚན་ཉིད་དང་། དག་པའི་མཚན་ཉིད་རྣམ་པར་འཇོག་པར་བྱེད་ཅིང་། སྔ་མའི་དངོས་པོ་དེ་ཉིད་ཕྱི་མ་ཡིན་ཞེས་ནི་མི་སྨྲའོ། །དེ་བས་ན་བློ་སོ་སོའི་དབང་ལ་སྣང་བ་དང་། དེའི་དབང་དུ་གསུངས་པའི་གྲུབ་པའི་མཐའ་ཐམས་ཅད་ཀྱང་བརྟག་པར་བཟོད་པ་ནི་གང་ལ་ཡང་ཡོད་པ་མ་ཡིན་མོད་ཀྱི། སེམས་ཅན་ཆུད་མི་གསོན་པ་ཙམ་བདེན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། སེམས་ཅན་དོན་གྱི་ཉམས་གཅིག་པུ། །དེ་ཉིད་ཡིན་ཏེ་གཞན་དག་ནི། །བདེན་པ་ཡང་དག་ཡོད་མ་ཡིན། །ཞེས་གསུངས་པ་ལྟ་བུའོ། །ཡང་བརྒལ་བ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་དུ་ལྟ་རུང་ན། སངས་རྒྱས་ནི་ཆོས་ཉིད་དག་པ་དང་། ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་། ཡོན་ཏན་གྱི་ཁྱད་པར་གྱི་བདག་ཉིད་ཡིན་ན། འདིར་གང་བཟུང་ཞེ་ན། ཐམས་ཅད་གཟུང་བར་བྱའོ། །སེམས་ཅན་ཐམས་ཅད་ཡོན་ཏན་ཅན་དུ་ཇི་ལྟར་གཟུང་ཞེ་ན། གོང་དུ་བརྗོད་པ་བཞིན་ཏེ། ཡོན་ཏན་ཅན་ཉིད་དུ་སྣང་བའི་ཕྱིར་རོ། །འོ་ན་ཆོས་ཐམས་ཅད་སངས་རྒྱས་ཡིན་ན། གསང་སྔགས་ཀྱི་ཚུལ་ལས་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས། འབྱུང་བ་ལྔ་ནི་རིགས་ཀྱི་ཡུམ་ལྔ། ཡང་དབང་པོ་ལྔ་ནི་རིགས་ལྔ། ཡུལ་ལྔ་ནི་ཡུམ་ལྔ་ཞེས་བྱ་བ་ལ་སོགས་པ་སོ་སོར་གསུངས་པ་ལྟ་བུ་དང་། ཡེ་ཤེས་ལྔ་ནི་རིགས་ལྔ་ཞེས་བྱ་བ་ལ་སོགས་གསུངས་པ་དང་། གཞན་ཡང་། ཇི་ལྟར་སྣང་བ་དེ་ལྟར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན། །ཞེས་ཀྱང་གསུངས་པ་དང་། གཞན་དག་ཏུ་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་ངེས་པ་ཡང་གསུངས་པ་དག་ཅི་ལ་དགོངས་ཏེ་གསུངས་པ་ཡིན་ཞེ་ན། འདི་ནི་ཐམས་ཅད་ཀྱང་བདེན་པ་སྟེ། དེ་ལ་ཇི་ལྟར་སྣང་བ་ཐམས་ཅད་ཀྱང་སྐུ་གསུང་ཐུགས་ཀྱི་རང་བཞིན་ཉིད་ཡིན་ནོ། །དེ་ལ་སྐུ་མདོག་དང་ཕྱག་མཚན་སོ་སོར་ངེས་པ་དག་ཀྱང་རང་བཞིན་དེ་ཉིད་ལས་ཉམས་པ་ཡང་མེད་ལ། ཐབས་མྱུར་བར་ཡང་འགྱུར་ཏེ། འདི་སྐད་དུ། རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ། །སྣ་ཚོགས་ཅིར་ཡང་སྣང་མོད་ཀྱི། །ཀུན་ཏུ་རིན་ཆེན་ལྟ་བུ་སྟེ། །དོན་དང་ལས་ཡིན་བསྒོམ་པས་འགྲུབ། །ཅེས་གསུངས་པ་ལྟ་བུའོ། །ཕུང་པོ་ལ་སོགས་པའི་ཆོས་སོ་སོ་ལྷ་སོ་སོར་གསུངས་པ་ཡང་། རང་བཞིན་དེ་ལྟར་ཡིན་པ་ལ་འགལ་བ་མེད་ལ། དངོས་པོ་ལ་མངོན་པར་ཞེན་པ་རྣམས་ཟག་བཅས་དང་ཟག་པ་མེད་པའི་ཆོས་མཚན་ཉིད་སོ་སོར་འཛིན་པའི་བློ་ཅན་རྣམས་ལ་མཚན་ཉིད་འདྲ་བར་བསྟན་པས་སོ་སོའི་བློ་ལྡོག་པར་འགྱུར་ཏེ། འདི་ལྟར་ཀ་བ་དང་བུམ་པའི་མཚན་ཉིད་འདུ་བྱེད་དུ་བསྟན་ནས་དེའི་མཚན་ཉིད་མི་རྟག་པར་བསྟན་ན། ཀ་བ་དང་བུམ་པའི་བློ་ལྡོག་པ་བཞིན་དུ། ཕུང་པོ་ལྔའི་ཆོས་དང་རྒྱལ་བ་རིགས་ལྔའི་ཆོས་ཀྱི་མཚན་ཉིད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་བསྟན་ནས། དེའི་མཚན་ཉིད་སངས་རྒྱས་སུ་བསྟན་ན། ཟག་བཅས་དང་ཟག་མེད་ཀྱི་མཚན་ཉིད་སོ་སོ་བའི་བློ་ལོག་ནས། ཐམས་ཅད་ཀྱང་ཟག་པ་མེད་པའི་བློ་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་ཐབས་ལ་མཁས་པས་ཆོས་མཐུན་པ་བསྟན་པའི་སྒོ་ནས་ངེས་པའི་བློ་སྐྱེ་སྟེ། འཇུག་པ་དང་དགྲོལ་བའི་ཡན་ལག་ཏུ་འགྱུར་རོ། །དེ་བས་ན་དེ་དག་དེ་ལྟར་བསྟན་ཏོ། །དེ་ཆོས་ཇི་ལྟར་མཐུན་ཞེ་ན། རྣམ་པར་སྣང་མཛད་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཚན་མར་བསྟན་པ་སྟེ། གཟུགས་ཀྱང་ལུས་ཀྱི་དངོས་གཞིའོ། །གཟུགས་ནི་བེམ་པོས་བཅིངས་པ་སྟེ། །གཏི་མུག་ཀྱང་བླུན་པས་བཅིངས་པའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང་ངོ་བོ་ཉིད་ཀྱི་སྐུ་སྟེ། དེ་བས་ན་གཟུགས་དང་གཏི་མུག་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་དུ་བཤད་དོ། །དེ་བས་ན་གདུལ་བྱ་རྣམས་ལ་རྣམ་པར་སྨིན་པའི་སྐུ་བཟང་པོ་དཔེ་མེད་པ་སྣང་བར་མཛད་པས་རྣམ་པར་སྣང་མཛད་དོ། །དེ་བཞིན་དུ་གཞན་ལའང་སྦྱར་ཏེ། མི་བསྐྱོད་པ་ནི། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་མཚན་མའོ། །རྣམ་པར་ཤེས་པའང་ཐུགས་ཏེ། ཞེ་སྡང་ཡང་སེམས་ཀྱི་ལས་རགས་པ་ཡིན་ནོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ཐུགས་ཀྱི་སྙིང་པོ་ཡིན་ཏེ། དེ་བས་ན་སངས་རྒྱས་ཀྱི་ཐུགས་ནི་འཇིག་རྟེན་པའི་སེམས་ལྟར། རྣམ་པར་རྟོག་པའི་གཡོ་བ་མེད་པས་མི་བསྐྱོད་པ་ཞེས་བཤད་དོ། །རིན་ཆེན་འབྱུང་གནས་ནི། སངས་རྒྱས་རྣམས་ཀྱི་ཡོན་ཏན་གྱི་མཚན་མ་སྟེ། ཚོར་བ་ཡང་ལོངས་སྤྱོད་ཀྱི་གཞི་ཡིན་ནོ། །ང་རྒྱལ་ཀྱང་འདོད་པས་མྱོས་པའི་བདག་ཉིད། དེ་བཞིན་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱང་ཉེས་པ་ཐམས་ཅད་ཀྱི་བདག་ཏུ་ལྟ་བ་དང་བྲལ་བས་བདག་མེད་པར་རྟོགས་པ་ནི། ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པས། ཡོན་ཏན་རིན་ཆེན་འབྱུང་གནས་སོ། །སྣང་བ་མཐའ་ཡས་ནི་གསུང་གི་བདག་ཉིད་དེ། འདུ་ཤེས་ཀྱང་ཐ་སྙད་འདོགས་པའི་ལས་ཅན་ཡིན་ལ། འདོད་ཆགས་ཀྱང་དངོས་པོའི་མཚན་མ་ལ་ཆགས་པ་སྟེ། དེ་བཞིན་དུ་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་ཡུལ་ཅན་ཡིན་པ་དང་༼རྫོགས་ཆེན་དང་རྨུགས་སངས་ཤིང་པར་གཉིས་ཆར་ཡུལ་ཅན་ཡིན་པས། ཞེས་འབྱུང་། ༽། ཆོས་ཀྱི་སྣང་བ་ཆེན་པོ་མཐའ་ཡས་པ་སྟོན་པའི་བདག་ཉིད་ཡིན་པས། གསུང་སྣང་བ་མཐའ་ཡས་སོ། །དོན་ཡོད་གྲུབ་པ་ནི་ལས་ཀྱི་བདག་ཉིད་དེ། འདུ་བྱེད་ཀྱང་ལས་ཀྱི་བདག་ཉིད་དོ། །ཕྲག་དོག་ཀྱང་རྩེ་གཅིག་པར་གཏོད་པ་སྟེ། དེ་སྐད་དུ། འདུ་བྱེད་རྟག་ཏུ་ཕྲག་དོག་སྟེ། །རྩེ་གཅིག་བདག་ཉིད་གཏོད་པའོ། །ཞེས་གསུངས་པའོ། །ཁུངས་གཞན་ནི་གསལ་བས་མ་བྲིས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱང་། མི་དམིགས་པའི་ཐུགས་རྗེ་ཆེན་པོའི་དབང་གིས། འགྲོ་བའི་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་ཡིན་ཏེ། དེ་བས་ན་ལས་ནི་དོན་ཡོད་གྲུབ་པ་ཡིན་ནོ། །དེ་བཞིན་དུ་འབྱུང་བ་ཆེན་པོ་ཡུམ་དུ་བཞག་པའང་སྐྱེད་པའི་གཞི་ཡིན་པས། ཆོས་ཀྱི་དབྱིངས་དང་ཡུམ་རྣམས་སུ་མཚན་ཉིད་གཅིག་གོ ། དེ་བས་ན་འདི་སྐད་དུ། སྣོད་དུ་སྣང་བ་ཡུམ་གྱི་དབྱིངས། །བཅུད་རྣམས་རྒྱལ་བ་ཡབ་ཀྱི་མཁའ། །འབྱུང་འཇུག་བྱེད་པ་ལོངས་སྤྱོད་དེ། །རྣམ་གསུམ་བདེ་ཆེན་སངས་རྒྱས་སོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་ནམ་མཁའ་ནི། གཟུགས་ཀྱི་གོ་འབྱེད་པས་ཀུན་གྱི་གཞིར་གྱུར་པ་སྟེ། དེ་བཞིན་ཉིད་ཀྱི་རིགས་ཡིན་པས་དབྱིངས་ཀྱི་དབང་ཕྱུག་མའོ། །ས་ནི་སྲ་བའི་མཚན་ཉིད་འཛིན་པས་དྲག་པོས་འདུལ་བའི་ཕྱིར། རྡོ་རྗེ་རིགས་ཀྱི་ཡུམ་མོ། །མེ་ནི་སྨིན་པར་བྱེད་པའི་བདག་ཉིད་ཡིན་པས། རིན་པོ་ཆེའི་རིགས་ཏེ། དེ་བས་ན་རིན་པོ་ཆེའི་རིགས་ཀྱི་ཡུམ་མོ། །དེ་བཞིན་དུ་ཆུ་ནི་རླན་ཅིང་སྡུད་པའི་མཚན་ཉིད་ཡིན་པས། སྙིང་རྗེའི་བདག་ཉིད་དེ། པདྨ་རིགས་ཀྱི་ཡུམ་མོ། །རླུང་ནི་གཡོ་ཞིང་བསྐྱོད་པའི་བདག་ཉིད་ཡིན་པས། ལས་ཀྱི་རིགས་ཀྱི་ཡུམ་མོ། །དེ་བས་ན་ཡུམ་འདི་དག་ཀྱང་། ཉོན་མོངས་པ་རྣམ་པ་ལྔ་དག་པ་དང་། ཕ་རོལ་ཏུ་ཕྱིན་པ་ལྔ་ཐོབ་པའི་སྒོ་ནས་འདོད་སྤྱོད་རྣམ་པ་ལྔའི་སྒོ་ནས་བདག་ཉིད་ཆོས་ཉིད་ཀྱི་ཕྱག་རྒྱ། གཟུངས་ཀྱི་རང་བཞིན་དུ་བཤད་དོ། །གཞན་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་། དབང་པོ་དང་དེའི་ཡུལ་རྣམས་ཀྱང་རིགས་ཉིད་ཀྱི་སྒོ་ནས་དེ་བཞིན་དུ་བསྟན་ཏེ། མིག་དང་གཟུགས་དང་དེའི་རྣམ་པར་ཤེས་པ་ནི་བྱང་ཆུབ་སེམས་ཀྱི་མཚན་ཉིད་སྐུའི་རིགས་སུ་བཤད་དོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ནི་ཆོས་རིན་པོ་ཆེའི་གཏེར་འཛིན་པའི་མཚན་ཉིད་རིན་པོ་ཆེའི་རིགས་སུ་བཤད་དོ། །ཁ་ཅིག་ལས་ནི། ཆོས་ཉན་པའི་མཚན་ཉིད་དང་ཆོས་ཀྱི་སྒྲའི་སྒོ་ནས་པདྨའི་རིགས་སུ་བཤད་དོ། །སྣ་ལ་སོགས་པས་ཚུལ་ཁྲིམས་ལ་སོགས་པ་ཡོན་ཏན་གྱི་དྲི་འཛིན་པའི་མཚན་ཉིད་ཡོན་ཏན་གྱི་རིགས་སུ་ཡང་བཤད་དོ། །དག་པའི་ཆོས་ཀྱི་དྲི་འཛིན་པས་པདྨའི་རིགས་སུ་ཡང་བཤད་དོ། །ལྕེ་ལ་སོགས་པ་ནི་བྱ་བ་ཐམས་ཅད་པ་ལས་ཀྱི་རིགས་སུ་བཤད་དོ། །ཁ་ཅིག་ལས་དམ་པའི་ཆོས་ བརྗོད་པ་པདྨའི་རིགས་སུ་བཤད་དོ། །དབང་པོ་དང་ཡུལ་ལྷ་དང་ལྷ་མོར་བཞག་པ་ནི། ལོངས་སྤྱོད་པར་བྱེད་པ་དང་། བྱ་བའི་སྒོ་ནས་བསྟན་ཏོ། །རྣམ་པར་ཤེས་པའང་དེ་བཞིན་ནོ། །ཕུང་པོ་གཙོ་བོར་བསྟན་པ་དང་ཁམས་དང་སྐྱེ་མཆེད་འཁོར་དུ་བསྟན་པ་ནི། ཡན་ལག་དང་ཉིང་ལག་གི་ཚུལ་གྱིས་སོ། །འདི་དག་ལ་སོགས་པའི་ཆོས་མཐུན་པའི་མཚན་ཉིད་བསྟན་པ་རྣམས་ཀྱང་། དོན་གྱི་རང་བཞིན་ལས་འགལ་བ་མེད་པའི་ཕྱིར་དང་། དོན་དང་མཐུན་པར་བྱེད་པའི་ཕྱིར་རོ། །གཞན་དུ་ནི། ཆོས་མཐུན་པ་ཁྱད་པར་དུ་སྨོས་པ་མེད་པ་རྣམས་ཀྱང་གཟུངས་དང་སྤོབ་པ་མི་ཟད་པའི་ཕྱིར་བསྟན་དུ་ཡོད་པ་ཅན་ཡིན་ལ། མ་བསྟན་ཀྱང་དེའི་རང་བཞིན་ཡིན་པའི་ཕྱིར་དེ་དང་མཐུན་པ་ཅན་ཡང་ཡིན་པས། ལྷག་པར་མ་བསྟན་པ་ལ་ཉེས་པ་ཡང་མེད་དོ། །ཚུལ་འདི་དག་ཙམ་ནི། གསང་སྔགས་ཀྱི་སྒོར་འཇུག་པའི་གང་ཟག་རྣམས་ཀྱིས། ཇི་སྐད་གསུངས་པའི་ཚུལ་ལ་ལྟ་བ་བརྟན་པར་བསྐྱེད་པར་བྱ་བ་དང་། གཞན་གྱི་གྲུབ་པའི་མཐའ་འཛིན་པ་དག་ཀྱང་། གསང་སྔགས་ཀྱི་ཚུལ་ལ་སྤྱིར་སྐུར་བ་མེད་པར་བྱ་བ་དང་། ཁྱད་པར་དུ་ཇི་སྐད་གསུངས་པའི་དོན་རྣམས་ཀྱང་ངེས་པའི་དོན་དུ་བཟུང་བར་བྱ་བའི་ཕྱིར་དང་། རང་ལ་བརྟེན་པའི་གང་ཟག་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་བྲིས་པ་ཡིན་ནོ། །གལ་ཏེ་གང་ཟག་གིས་ཉེས་པའི་སྐྱོན་མཐོང་ན་ཡང་། དང་པོར་རང་དང་གཞན་གྱི་གྲུབ་པའི་མཐའ་བཏང་སྟེ། གཟུ་བོའི་བློས་ངེས་པར་རྟོགས་ལ། སྐྱོན་དུ་འགྱུར་བའམ་མི་འགྱུར་བ་ལེགས་པར་དཔྱད་བར་གྱིས་ཤིག །ངེས་པར་ལུང་དང་རིགས་པ་གཉིས་ག་དང་འགལ་བའི་སྐྱོན་མཐོང་བར་གྱུར་ན། ལྟ་བ་དེ་ཉིད་ལས་རབ་ཏུ་བཟློག་པའི་ཡི་གེ་དག་ཀྱང་འདིའི་རྗེས་སུ་བྲིས་ཤིག །མ་འོངས་པའི་གང་ཟག་རྣམས་ལ་ཕན་པར་འགྱུར་རོ། །དེ་ལྟར་སྤྱིའི་སྒོ་གྲུབ་མཐའ་འདི་ལྟ་བུའི་གཞུང་ལ་སྐྱོན་དུ་མི་འདོགས་ན། ཡན་ལག་གི་ཉེས་པའི་སྐྱོན་དག་ནི། བཟོད་པར་བྱ་བ་ཡང་ཡིན་ལ། གལ་ཏེ་ཆེར་སྐྱོན་དུ་མཐོང་ན་ཡང་དེའི་རྩ་ཉིད་དུ་དེ་བཟློག་པའི་ཡི་གེ་དག་ཀྱང་བྲི་བར་རིགས་སོ། །ཡོངས་ནི་འདི་ལྟ་བུའི་ཚུལ་དག་ལ་བརྟགས་པ་བྱ་བའི་གཞུང་དག་ནི། བདག་ཅག་ལྟ་བུའི་བློས་གཞུང་དུ་འགོད་པར་རིགས་པ་མ་ཡིན་ན་ཡང་། སློབ་མས་གསོལ་བ་བཏབ་པའི་ངོ་དགར་གྱུར་པ་དང་། དེ་ལ་བརྟེན་ནས་ཕྱོགས་སུ་འབྲང་བའི་གང་ཟག་ལ་ཕན་པར་འགྱུར་བ་སྲིད་པའི་བློ་དང་། རང་གིས་མཐོང་བའི་ཤེས་པའི་ཚད་རང་གི་བརྗེད་བྱང་དུ་བྱ་ཕྱིར་བྱས་པ་ཙམ་དུ་ཟད་ཀྱི། གང་ཟག་ཐམས་ཅད་ཀྱི་དོན་དུ་འགྱུར་བར་འདོད་པའི་བསམ་པས་བྱས་པ་མ་ཡིན་པས། བརྗེད་བྱང་བྲིས་པ་ཙམ་ལ་དཔྱ་བར་འོས་པ་མ་ཡིན་ནོ། །ཚུལ་འདི་ཡང་གསང་སྔགས་ཀྱི་ལྟ་བ་ཕྱོགས་གཅིག་པ་ཡིན་ཏེ། དམིགས་པ་ཆེན་པོའི་ཡང་ཆེན་པོའི་སྐབས་སུ། དོན་དམ་པ་རྒྱུར་ལྟ་བ་དང་། ཀུན་རྫོབ་འབྲས་བུར་ལྟ་བ་དང་། རྒྱུ་གནས་སུ་ལྟ་བ་དང་། འབྲས་བུ་རོལ་པའི་དཀྱིལ་འཁོར་དུ་ལྟ་བ་ལ་སོགས་པ་དྲུག་བཤད་པ་ལས། འདི་ནི་འབྲས་བུ་རོལ་པའི་དཀྱིལ་འཁོར་དུ་ལྟ་བའི་ཕྱོགས་ཙམ་བཤད་པ་སྟེ། འདི་དག་ལ་སོགས་པའི་ཆེན་པོར་བསྟན་པ་གཞན་དག་དང་། མཚན་གྱི་ཁྱད་པར་གྱིས་ཕྱེ་བའི་ལྟ་བའི་ཁྱད་པར་རྣམས་ནི་ཡི་གེ་གཞན་དུ་བྲིས་པ་ཡང་ཡོད་པས། འདིར་སྤྱིར་གཞུང་མ་བྲིས་སོ། ། ངྷརྨ་བྷ་དྲས་མཛད་པའི་རང་བྱུང་ཡེ་ཤེས་ཆེན་པོའོ།། །།