རང་བཞིན་བརྗོད་པའི་རྒྱན་བཞི་

ཡོང་ཁུངས་Wikipedia

དེ་ལྟར་ན་རང་བཞིན་བརྗོད་པའི་རྒྱན་ཞེས་པ་ནི། སྐབས་ཀྱི་བརྗོད་བྱའི་གཙོ་བོ་གང་ཡིན་པ་དེའི་རང་བཞིན་གསལ་བར་སྟོན་ཙམ་གྱི་ཚིག་རྒྱན་ཞིག་ལ་གོ་དགོས་པ་ཡིན། ཚིག་རྒྱན་འདི་ལ་ནང་གསེས་ཕྱེས་ན་རིགས་དང་བྱ་བ་ཡོན་ཏན་རྫས་སོགས་ཀྱི་གནས་སྐབས་སྣ་ཚོགས་ཡོད། འདི་དག་གི་དཔེར་བརྗོད་འབྲི་སྐབས་སུ་དཔེ་དང་དཔེ་ཅན་སྦྱར་མི་རུང་ཞིང་། ཡོད་པ་ཞིག་མེད་ཅེས་བསྐུར་བ་བཏབ་པ་དང་མེད་པ་ཞིག་ཡོད་ཅེས་སྒྲོ་བཏགས་པ་ལྟ་བུ་ཡང་གཏན་ནས་མི་རུང་ངོ་།། གོང་དུ་རང་བཞིན་གསལ་བར་སྟོན་ཙམ་ཞེས་པའི་ཙམ་སྒྲའི་དགོས་པ་ཡང་ཉེས་སྐྱོན་འདི་དག་སེལ་ཆེད་དུ་བཀོད་པ་ཡིན། མདོར་ན་རང་ཉིད་གང་ལ་མོས་ཤིང་དད་པའི་ཡུལ་གོང་མ་ཞིག་ལ་བསྟོད་པ་བྱས་ཀྱང་ཆོག ཡང་ན་རང་ཉིད་གང་ལ་སྡང་ཞིང་ཁྲོ་བའི་ཡུལ་དམན་པ་ཞིག་ལ་སྨད་པ་བྱས་ཀྱང་རུང་སྟེ་འཁྱོག་བཤད་དང་ཟུར་ཟས་མ་སླད་པ་ཞིག་འབྲི་དགོས་པ་གལ་ཆེ་བ་ཡིན། འདི་དག་ནི་རང་བཞིན་བརྗོད་པའི་རྒྱན་བཞི་པོའི་རྩ་བའི་སྲོག་སྙིང་དང་དགོས་པའི་དན་རྟགས་ངོ་མ་དེ་རེད།

དང་པོ་རིགས་རང་བཞིན་རང་བཞིན་བརྗོད་པའི་རྒྱན་ནི།[རྩོམ་སྒྲིག]

སྐབས་ཀྱི་བརྗོད་དོན་རིགས་སམ་ཁྱབ་བྱེད་ཅིག་དྲང་པོར་བརྗོད་ཙམ་གྱི་ཚིག་རྒྱན་ཞིག་ལ་ཟེར་བ་ཡིན། འདི་ཡི་དཔེར་བརྗོད་བཞག་ནས་གོ་བར་བྱ་སྟེ། མཉེན་ལྕུག་ལོ་འདབ་དུད་པའི་ཡལ་ག་རུ།། དཀར་ལ་དམར་མདངས་ཆགས་པའི་འབྲས་བུ་སྨིན།། ས་འཛིན་ལང་ཚོ་ཡོལ་བའི་སྟོན་དུས་འདིར།། ལྗོན་པའི་ཚོགས་ཀྱི་མཛེས་སྡུག་སྔར་བཞིན་བཀྲ།། ཞེས་པ་ལྟ་བུ་རེད། དཔེར་བརྗོད་འདི་ལས་ཁྱབ་བྱེད་ལྗོན་པ་དེ་ཉིད་ཀྱི་རང་བཞིན་ནམ་ཚུལ་ལུགས་གང་ཡིན་པ་དེ་དྲང་པོར་བརྗོད་པས་ན་རིགས་རང་བཞིན་བརྗོད་པ་ཡིན་ནོ།། དམིགས་བསལ་དུ་དོ་སྣང་དགོས་པ་ཞིག་ལ། རིགས་རང་བཞིན་བརྗོད་པའི་དཔེར་བརྗོད་ནི་ཚད་བཀག་ཅུང་ཙམ་ཆེ་བའི་ཚིག་རྒྱན་ཞིག་ཡིན་པས་འདི་ལ་དཔེ་དང་དཔེ་ཅན་མེད་པར་མ་ཟད། བྱ་བྱེད་ལས་གསུམ་དང་མ་འབྲེལ་བའི་སྒོ་ནས་འབྲི་དགོས་པ་གཙོ་ཆེ་བ་ཡིན། འོན་ཀྱང་སྙན་འགྲེལ་ཁག་ཏུ་རང་བཞིན་བརྗོད་པའི་རྒྱན་བཞི་ཀ་རིགས་རྒྱན་དུ་བཤད་པ་ཧ་ཅང་མང་མོད། ལས་དང་པོ་བ་དག་ལ་རིགས་རང་བཞིན་བརྗོད་པའི་ཚིག་རྒྱན་གྱི་འགྲེལ་བཤད་འདི་ལྟར་བྱས་ན་རྒྱན་བཞི་པོ་སོ་སོའི་དཔེར་བརྗོད་འཇོག་སླ་བ་ཡིན་ནོ།། ཞིབ་པར་གོང་འོག་གི་དཔེར་བརྗོད་དག་ལ་གཟིགས་ཏེ་ཤེས་པར་བྱའོ།། གཞན་ཡང་དཔེར་བརྗོད་རེ་འགའ་ཞིག་བཀོད་ན། མེ་ཏོག་གཉིད་ལ་ཤོར་བའི་མཚན་ལྗོངས་ནས།། གཞོན་ནུ་སེམས་སུ་ལྷུང་བའི་རྨི་ལམ་ཞིག། མཁུར་ངོགས་མིག་ཆུའི་ལྷན་དུ་མི་ཚར་བའི།། སྙན་གཞུང་གླེགས་བམ་ནང་གི་སྐྲ་རིང་མ།། ཞེས་པ་ལྟ་བུའི་ཁྱབ་བྱེད་ན་ཆུང་བུ་མོ་དང་། ཡང་ན། མཚན་འཛིན་མཐའ་ལས་འདས་པའི་དེ་ཉིད་ཀྱི།། རྟག་ཁྱབ་ལྷུན་གྲུབ་བདེ་གཤེགས་རྫོགས་པ་ཆེ།། ངེས་དོན་ཟབ་ཞི་གཡུང་དྲུང་རྟག་པའི་ལྷ།། ཆེན་པོ་གཞན་སྟོང་པ་ལ་བསྟོད་པར་བགྱི།། ཞེས་པ་ལྟ་བུའི་རིགས་སམ་ཁྱབ་བྱེད་དབུ་མ་གཞན་སྟོང་པའོ།།

གཉིས་པ་བྱ་བ་རང་བཞིན་བརྗོད་པའི་རྒྱན་ནི།[རྩོམ་སྒྲིག]

སྐབས་ཀྱི་བརྗོད་དོན་བྱ་བ་དེ་ཉིད་བྱེད་པོ་གཙོ་ཕལ་གང་རུང་དང་དངོས་སུ་འབྲེལ་བའི་སྒོ་ནས་བཟང་ངན་གང་ཡིན་དྲང་པོར་བརྗོད་ཙམ་གྱི་ཚིག་རྒྱན་ཞིག་ལ་གོ་དགོས་པ་ཡིན། དེ་ཡང་དཔེར་བརྗོད་ལ་བལྟས་ནས་འགྲེལ་བཤད་བྱ་ཆོག་སྟེ། ཉི་མ་གཞོན་ནུས་ཟེར་ཐག་བརྐྱངས་པ་ཡིས།། ཆུ་སྐྱེས་སྟོང་གི་མགོ་ལྕོག་ལྡེམ་ལྡེམ་གཡོ།། ཡལ་འདབ་རླུང་བུས་བསྒུལ་བའི་མཛེས་སྡུག་ཁྲོད།། ར་ཡིག་གཉིས་པས་དགའ་བའི་གླུ་ཆུང་བླངས།། ཞེས་པ་ནི། བསིལ་རླུང་དལ་གྱིས་རྒྱུ་ཞིང་། ཉི་ཟེར་ལམ་ལམ་འཕྲོ་བའི་དབྱར་ཟླ་བར་པའི་སྐྱེད་ཚལ་ཁྲོད་ཀྱི་བྱ་བ་སྣ་ཚོགས་མཚོན་ཡོད། དཔེར་བརྗོད་འདི་ལས། གཞོན་ནུས་དང་། བུས། པས་ཞེས་པའི་བྱེད་ཚིག་དང་། བརྐྱངས། གཡོ། བསྒུལ། བླངས་སོགས་ཀྱི་བྱ་ཚིག་སྣ་ཚོགས་དངོས་སུ་སྟོན་ཞིང་དེ་དང་འབྲེལ་བའི་བྱེད་པོ་གཙོ་ཕལ་གང་རུང་ཡང་དངོས་སུ་བརྗོད་པ་ཡིན་ནོ།། མཐར་གཏུགས་ནས་བྱ་བ་རང་བཞིན་བརྗོད་པའི་ཚིག་རྒྱན་འདི་ལ་བྱ་བྱེད་ལས་གསུམ་ཐ་དད་དུ་ཡོད་པ་གཞིར་བཞག་གི་ཐོག་ནས་རྣམ་དབྱེ་གཉིས་པ་དང་གསུམ་པ་གཙོ་ཆེར་སྦྱར་དགོས་པ་ཡིན་ནོ།། གཞན་ཡང་དཔེར་བརྗོད་འགའ་ཞིག་བཀོད་ན། སྔོ་ལྗང་རྩ་ལོར་འབུ་ཡིས་མཆེ་བ་བསྣུན།། མཐོ་བརྗིད་རི་བོའི་དབུ་ལ་སེན་ཁ་ཤོར།། མངོན་གསལ་འགྱུར་བའི་མི་རྟག་གཡབ་མོ་དེས།། ཆོས་དྲེད་ཁོ་བོར་རྟག་འཛིན་སྣོན་མ་ཞིག། ཡང་ན། ཟླ་ཟེར་འཛུམ་པའི་ལྷ་ཡི་རྫིང་རིང་ནས།། སྤྲིན་དཀར་ལྷོ་ལ་བཞུད་པའི་འདུ་བྱེད་ཀྱིས།། སྒེའུ་ཁུང་ངོགས་ནས་ཕྱི་རོལ་འཁྲེངས་པ་ཡི།། གཞོན་ནུ་ཁོ་བོའི་རྣམ་ཤེས་རི་ལ་དཀྲོགས།། ཡང་ན། གསེར་ཏོག་ཉི་འོད་བྱུགས་པའི་འདུ་ཁང་གི། ལྕོང་བརྡའི་ཚོགས་རྣམས་རླུང་བུས་རྡུང་ཐེངས་རེར།། ཞལ་ལ་འཛུམ་ཆུང་འཁོར་བའི་གྲྭ་རྐྱང་ཚོར།། ཡིད་ཀྱི་དགའ་བ་སྣ་ཚོགས་ཅིག་ཆར་བཞད།། ཞེས་པ་ནི། ཉི་འོད་འབུམ་གྱིས་འཁྱུད་པའི་རྒྱ་ཕིབས་དང་དེའི་སྐབས་ཀྱི་བྱ་བ་སྣ་ཚོགས་གསལ་བར་བསྟན་པ་ལྟ་བུའོ།།

གསུམ་པ་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་ཞེས་པ་ནི།[རྩོམ་སྒྲིག]

སྐབས་ཀྱི་བརྗོད་དོན་ཁྱད་གཞི་གང་ཞིག་ལ་བརྟེན་ནས་བྱུང་བའི་ཁྱད་ཆོས་སམ་བྱེད་ལས་དྲང་པོར་སྟོན་ཙམ་གྱི་ཚིག་རྒྱན་ཞིག་ལ་ཟེར་བ་ཡིན། འདི་ཡང་དཔེར་བརྗོད་སྟབས་བདེ་ཞིག་བཀོད་ན། སྙན་ངག་གཞུང་ལུགས་བལྟས་པའི་ཉེར་མཐུ་ཡིས།། རྒྱ་ཆེ་གཞུང་བཟང་འབྱེད་པའི་བློ་གྲོས་ཡངས།། སྐད་ཆའི་སྒྱུ་རྩལ་ངོམ་པའི་ལྗགས་རྩལ་རྣོ།། མི་ཚེ་ཁ་ཕྱོགས་གསལ་བའི་སྒོ་འཕར་ཕྱེས།། ཞེས་པ་སྟེ། ཁྱད་གཞི་སྙན་གཞུང་ལ་བལྟས་པའི་ཉེར་མཐུ་དེ་ལས་བྱུང་བའི་ཡོན་ཏན་ནམ་བྱེད་ཆོས་ནི། བློ་གྲོས་ཡངས་པ། ལྗགས་རྩལ་རྣོ་བ། སྒོ་འཕར་ཕྱེས་པ་དག་ཡིན་ཞིང་། འདི་དག་གནས་ལུགས་ལས་འདས་པའི་བསྟོད་སྨད་ཀྱི་སྒྲོ་བཀུར་སྤངས་ཏེ་དྲང་པོར་བརྗོད་པས་ན་ཡོན་ཏན་རང་བརྗོད་པ་ཡིན། མདོ་དྲིལ་ན་ཡོན་ཏན་རང་བཞིན་བརྗོད་པའི་ཚིག་རྒྱན་འདི་ལ་ཁྱད་གཞི་བྱེད་པོ་གཙོ་ཕལ་གང་རུང་ཡོད་མེད་ལ་མ་ལྟོས་པར། དངོས་པོ་དེའི་ཐུན་མོང་མ་ཡིན་པའི་སྒུལ་ཤུགས་སམ་བྱེད་ནུས་ཐམས་ཅད་ལ་གོ་ཆོག རྒྱུ་མཚན་དེས་ན་སྐབས་འདིར་ཡོན་ཏན་ཞེས་པ་ཡང་སྐྱོན་ཡོན་གཉིས་ཀྱི་ནང་ཚན་ཡོན་ཏན་ཁོ་ན་ལ་གོ་མི་དགོས་པ་ཡིན། དཔེར་ན། འུག་པས་ཨ་བྲ་དང་བྱི་བ་ཟ་ནུས་པ་དང་མཚན་མོར་འཕུར་ནུས་པ་སོགས་ཁོའི་ཡོན་ཏན་ཡིན་པ་བཞིན་རེད། ཚིག་རྒྱན་འདི་ལ་བྱེད་ལས་སྟོན་པའི་ཆེད་དུ་རྣམ་དབྱེ་གསུམ་པ་གཙོ་ཆེར་སྦྱོར་དགོས་པ་ཡིན། གཞན་ཡང་དཔེར་བརྗོད་བཞག་ན། མཆུ་སྒྲོས་དམར་པོར་རྗེས་སུ་ཆགས་པ་ཡིས།། འདོད་ལྡན་ཚོགས་ཀྱི་རྣམ་ཤེས་ཅི་ཡང་བཀུམ།། སྟངས་སྟབས་ཉམས་ཀྱིས་པི་ཝང་དཀྲོལ་མཛད་པའི།། གཞོན་ནུ་མ་ཁྱོད་བདག་ལ་དགྱེས་པར་མཛོད།། གཞན་ཡང་། མྱུར་མགྱོགས་དུས་ཀྱི་བང་རྩལ་ངོམས་པ་ཡིས།། གནག་སྣུམ་སྐྲ་ལོའི་ཁ་དོག་གཞན་དུ་བསྒྱུར།། བཞིན་རས་གཉེར་མ་མང་པོས་ཡོངས་བཀབ་ནས།། འཇིགས་རུང་རྒས་པའི་ངན་མཚང་ལྷང་ལ་བུད།། ཡང་ན། ཟླ་གསུམ་དགུན་གྱི་དུས་ཚིགས་སླེབས་པ་ཡིས།། ཡར་ཀླུང་གཞུང་ཆུ་སྔོན་མོ་འཁྱག་རོམ་བསྒྱུར།། ཁེར་རྐྱང་ལྗོན་པའི་འདབ་ལོ་ས་རུ་ཟགས།། འཇིག་རྟེན་སྐྱ་མོར་ལྷག་རླུང་དགྲ་རུ་ལངས།། ཞེས་པ་ལྟ་བུའོ།།

བཞི་པ་རྫས་རང་བཞིན་བརྗོད་པའི་རྒྱན་ཞེས་པ་ནི།[རྩོམ་སྒྲིག]

སྐབས་ཀྱི་བརྗོད་དོན་ཁྱད་གཞི་གང་ཞིག་གི་ཆ་ཤས་སམ་དེའི་ཉེར་སྤྱོད་ཅིག་གསལ་བར་བསྟན་པའི་སྒོ་ནས་ཁྱད་གཞི་སྟོན་ཙམ་གྱི་ཚིག་རྒྱན་ཞིག་ལ་གོ་བ་ཡིན། དཔེར་ན། པད་དཀར་ཟླ་བའི་ཆ་ཤས་རྫོགས་པའི་དབུས།། རྒྱལ་བའི་ཆོས་ཚུལ་ཀུན་འདུས་གླེགས་བམ་བསྣམས།། ཡེ་ཤེས་མེ་དཔུང་འབར་རལ་གྲི་གདེངས།། ཟུར་ཕུད་ལྔ་བཅིངས་དཀྱིལ་ཀྲུང་བཅས་དེར་འདུད།། ཅེས་པ་ནི། རྫས་ཁྱད་པར་ཅན་པད་དཀར་གྱི་ཟླ་གདན་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གླེགས་བམ། ཡེ་ཤེས་རལ་གྲི། དབུ་སྐྲའི་ལན་བུའི་སྣེ་ལྔ། དཀྱིལ་ཀྲུང་བཅས་པ་སྟེ་དེ་དག་གི་སྒོ་ནས་ཁྱད་གཞི་འཇམ་པའི་དབྱངས་དེ་ཉིད་གསལ་བར་བསྟན་པ་ལྟ་བུ་རེད། སྤྱིར་ན་ཁྱད་གཞི་དེ་ཉིད་རྫས་སུ་འདོད་པ་དང་ཁྱད་ཆོས་དེ་དག་རྫས་སུ་འདོད་པ་ཅི་རིགས་ཤིག་མཆིས་མོད། འདིར་ནི་གང་ཟག་དེའི་དམིགས་བསལ་གྱི་ཉེར་སྤྱོད་རྣམས་གང་ཟག་དེའི་རྫས་སུ་འདོད་པ་ཡིན། དཔེར་ན་རས་དཀར་གྱི་ལྭ་བ་དང་། འཁར་བ། སྒོམ་ཐག་རྣམས་རྗེ་བཙུན་གྱི་རྒྱལ་པོ་རྣལ་འབྱོར་དབང་ཕྱུག་གི་རྫས་ཡིན་པ་ལྟ་བུ་རེད། དཔེར་བརྗོད་གཞན་ཡང་། ཚེམས་དཀར་མཆེ་བའི་འོད་ཟེར་རབ་ཏུ་འབར།། རང་བྱུང་ལྗོན་པའི་ཀུ་ཤུ་སྣ་ཡིས་ལེན།། འཕར་སྤྱང་གཅན་གཟན་ཚོགས་རྣམས་འཇིག་པ་སྟེར།། གཟུགས་རིང་གླང་ཆེན་ཚོགས་ནི་ནགས་ན་གནས།། ཞེས་པ་ལྟ་གླང་ཆེན་གྱི་རྫས་བརྗོད་པ་དང་། བཞིན་རས་ཟུར་མིག་གཡོ་བའི་ལང་ཚོ་ལ།། མཆུ་སྒྲོས་རོ་འཛིན་བསྒུལ་བའི་འདུ་བྱེད་ཅན།། མཆོར་སྒེག་སྟངས་སྟབས་རྒོད་པའི་འཛུམ་ཁ་མ།། སྐྲ་ལོ་མར་ལ་དཔྱང་པའི་སྒྲོལ་མ་མཛེས།། ཞེས་པ་ལྟ་བུ་རྣམས་སོ།།