རང་དབང་གི་ལྷ་མོ་

ཡོང་ཁུངས་Wikipedia

རང་དབང་གི་ལྷ་མོ་ Statue of Liberty

རང་དབང་གི་ལྷ་མོ་ Statue of Liberty ཞེས་པ་འདི་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་ཧཱ་ཌི་སོན་གཙང་པོའི་རང་དབང་གླིང་ཕྲན་སྟེང་ཡོད། སྤྱི་ལོ་ ༡༨༨༦།༡༠།༢༨ ཉིན་ཧྥ་རན་སིའི་མི་མང་གིས་ཨ་རིའི་མི་མང་ལ་ལེགས་སྐྱེས་སུ་ཕུལ་ཏེ། བྱང་རྒྱ་མཚོ་ཆེན་མོ་བརྒྱུད་དེ་གྲུ་གཟིངས་ལས་ཨ་རིར་སྐྱེལ་འདྲེན་བྱས། སྐུ་བརྙན་འདི་ ༡༨༧༠ ལོར་ཧྥ་རན་སིའི་མི་མང་ལ་ཞལ་འདེབས་བསྡུས་ཏེ་འཇིམ་བཟོ་པ་སྐུ་ཞབས་ཨའུ་གྷུ་སི་ཊི་བྷར་ཐོལ་ཌེ་ Frédéric Auguste Bartholdi ལགས་ཀྱིས་ཇུས་འགོད་དང་། སྐུ་ཞབས་གྷུ་སི་ཊཧྥི་ཨེ་ཧྥལ་ Gustave Eiffel ལགས་ཀྱིས་སྣེ་ཁྲིད་དེ་ཧྥ་རན་སིའི་རྒྱལ་ས་ཕེ་རི་སི་རུ་བཞེངས། སྐུ་བརྙན་འདི་ནི་ངལ་རྩོལ་བའི་གྱོན་གོས་བསྣམས་པའི་རཱོ་མའི་ལྷ་མོ་ཞིག་གི་འདྲ་གཟུགས་ཡིན་པ་དང་། ཟངས་ལས་གྲུབ་པའི་ལྷ་མོ་འདིའི་ཕྱག་གཡས་པར་དཔལ་འབར་ཞིག་སྒྲེང་ཡོད་ཅིང་། དེས་འཛམ་གླིང་ལ་རང་དབང་གི་འོད་སྣང་སྤྲོ་བ་མཚོན་པ་དང་། ཕྱག་གཡོན་པར་ཤིང་བྱང་ཞིག་བསྣམས་པའི་ངོས་སུ་རཱོ་མའི་ཨང་གྲངས་ "JULY IV MDCCLXXVI" ཞེས་བཀོད་ཡོད་ཅིང་། དེས་སྤྱི་ལོ་ ༡༧༧༦ ཟླ་ ༧ ཚེས་ ༤ ཉིན་ཏེ་ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་བའི་ཉིན་མོ་མཚོན། ལྷ་མོ་དེས་རྐང་མགོའི་ལྕགས་སྒྲོག་བཅད་དེ་མདུན་དུ་སྐྱོད་བཞིན་ཡོད་ཅིང་། དེས་ཨ་རིར་རང་དབང་ཐོབ་པ་དང་ཕྱི་ནས་ཕེབས་པའི་ཡུལ་གྱར་བར་དགའ་བསུ་ཞུ་བཞིན་ཡོད་པ་མཚོན།

ཧྥ་རན་སིའི་མི་མང་གིས་ཨ་རིའི་མི་མང་ལ་འདི་ལྟར་ལེགས་སྐྱེས་འབུལ་དོན་ནི། ཨ་རི་དང་ཧྥ་རན་སིའི་ཡུན་རིང་གི་མཛའ་འབྲེལ་རྒྱུན་འཁྱོངས་དང་། དབྱིན་ཇིའི་བཙན་འཛུལ་ཕམ་པར་བརྒྱབ་སྟེ་ཨ་རིའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་ཅིང་རང་བཙན་བསྒྲགས་གཏམ་སྤེལ་ཏེ་ལོ་ ༡༠༠ འཁོར་བར་ལེགས་སྐྱེས། ལྷག་པར་དུ་སྐབས་དེར་ཧྥ་རན་སིའི་མི་མང་གིས་ཨ་རིའི་རང་དབང་དང་དམངས་གཙོ། འདྲ་མཉམ་སོགས་ལ་རེ་སྨོན་བཅངས་ཡོད་པར་བཤད། སྐུ་བརྙན་འདིར་ཐོག་མ་ enlightening the world ཞེས་འབོད་ཅིང་། དེ་ནི་འཛམ་གླིང་ལ་འོད་སྣང་སྤྲོ་བ་ཞེས་པའི་དོན་ཡིན་འདུག རང་དབང་ལྷ་མོའི་མཐོ་ཚད་ཕུ་ཊུ་ ༣༠༥ ཡོད། ལྷ་མོའི་ཕྱག་གི་དཔལ་འབར་དེ་ཨ་རིར་བཟོས་ཤིང་། དེས་གྷི་རི་སིའི་ཨོ་ལམ་ཕིག་གི་ཞི་བདེ་དཔལ་འབར་མཚོན། ལྷ་མོའི་གདོང་ལྷོ་ཕྱོགས་སུ་འཁོར་ཏེ་ལྷོ་རྒྱ་མཚོ་ནས་ཕེབས་པའི་གྲུ་གཟིངས་རྣམས་ལ་ཕེབས་བསུ་བྱེད་པ་དང་མཚུངས། ལྷ་མོའི་དབུ་ལ་པྲོག་ཞུ་གྱོན་པའི་འདབ་མ་བདུན་དེ་འོད་ཟེར་འཕྲོ་བའི་གཟུགས་ཡིན། སྐུ་བརྙན་གྱི་ཐོག་མའི་ཁ་དོག་ཟངས་མདོག་རྒྱ་སྨུག་ཡིན་ཡང་ལོ་ངོ་བརྒྱ་ལྷག་གི་དུས་ཡུན་རིང་གཡའ་དང་བཙའ་ཡིས་ཟིན་ཏེ་ལྗང་མདོག་ཏུ་སྣང་།

རང་དབང་ལྷ་མོར་ལྟ་སྐོར་དུ་བསྐྱོད་པར་ནེའུ་ཡོག་གྲོང་ཁྱེར་གྱི་མཱན་ཧ་ཊན་གཙང་འགྲམ་ནས་འཛིན་བྱང་ཉོས་ཏེ་གྲུ་གཟིངས་ལས་བསྐྱོད་དགོས་ཤིང་། སྐུ་བརྙན་གྱི་ནང་ལོགས་སུ་སྐྱོད་པར་འཛིན་བྱང་འཕར་མ་ཉོ་དགོས། ལྷ་མོའི་ཁོག་པའི་ནང་གི་སྐས་འཛེག་བརྒྱུད་དེ་ལྷ་མོའི་སྤྱི་གཙུག་བར་སྐྱོད་ཐུབ་པ་དང་། ཐོག་མ་ལྷ་མོའི་ཕྱག་གཡས་པ་བརྒྱུད་དེ་དཔལ་འབར་གྱི་སྟེང་བར་བསྐྱོད་ཐུབ་ཀྱང་། ༡༩༡༦།༧།༣༠ ཉིན་ནེའུ་ཡོག་གི་འཁྱིམ་མཚེས་ནེའུ་ཇིར་སི་གྲོང་འཁྱེར་ནང་འབར་གས་དོན་རྐྱེན་བྱུང་རྗེས་ཕྱག་གི་དཔལ་འབར་སྟེང་བསྐྱོད་རྒྱུ་བཀག་ཡོད།