Jump to content

ཡེ་ཤེས་

ཡོང་ཁུངས་Wikipedia

ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་རྟོགས་པའི་ཤེས་པ་རྣམ་པར་དག་པ་ཞིག་ལ་གོ་དགོས། "རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་བརྗོད་བྱར་བྱས་ནས་བསྟན་པའི་ཕྱིར་གཞུང་འདི་ལའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཐོབ་པའོ། །"[]ཞེས་གསུངས་པ་ལྟར་རོ། །

མཚན་ཉིད།

[རྩོམ་སྒྲིག]

"གཉིས་སུ་མེད་པར་གྱུར་པའི་ཆོས་དབྱིངས་རྣམ་གྲངས་མིན་པའི་དོན་དམ་སོ་སོ་རང་གིས་རིག་པའི་ཡེ་ཤེས།"[] ཞེས་གསུངས་པ་ལྟར་གཟུང་འཛིན་གཉིས་སྟོང་གི་རང་རིག་གི་ཤེས་པའོ། །

ཡེ་ཤེས་ངོ་བོ།

[རྩོམ་སྒྲིག]

"སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ། སྒྲ་དང་རྟོག་པའི་སྤྱོད་ཡུལ་ཐམས་ཅད་ལས་འདས་པ།"[] ཞེས་གསུངས་པའོ། རང་བཞིན་གྱི་ཁྱད་པར། "རང་གཞན་གྱི་དོན་བདེ་བླག་ཏུ་རྩོལ་བའི་ཕྱིར། ཡེ་ཤེས་རྣམ་པ་ལྔ་དང་ལྡན་ཞེས་ཀྱང་བརྗོད་དོ། །"[]ཞེས་གསུངས་སོ། །

དབྱེ་བ།

[རྩོམ་སྒྲིག]

"ཡེ་ཤེས་རྣམ་པ་ལྔ་དང་ལྡན་ཞེས་ཀྱང་བརྗོད་དོ། །གྲགས་པ་དང་དཔལ་ཕུན་སུམ་ཚོགས་པ་གང་ཡིན་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཡང་འགྲོ་བ་མཐའ་དག་གི་དཔལ་དུ་གྱུར་པ་དང་ལྡན་པའི་ཕྱིར་རོ། །དབང་ཕྱུག་དང་། གཟུགས་བཟང་ཕུན་སུམ་ཚོགས་པ་དག་ནི་དེ་ལས་གཞན་པའི་ཡེ་ཤེས་འབྱུང་གནས་ཉིད་ཡིན་པའི་ཕྱིར། མེ་ལོང་ལྟ་བུར་སྦྱར་ལ། གང་ཡེ་ཤེས་ནི་སོ་སོར་རྟོགས་པ་ཡིན་པ་དང་། བརྩོན་འགྲུས་ནི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་བྱ་བ་གྲུབ་པའི་ཡེ་ཤེས་སུ་འགྱུར་རོ། །"[]ཞེས་གསུངས་པ་ལྟར་རོ། །ལམ་གྱི་སྐབས་ཀྱི་ཡེ་ཤེས། "བྱང་ཆུབ་སེམས་ཀྱིས་ཟིན་པའི་སྟོང་ཉིད་རྟོགས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཁྱད་པར་ཅན་རྣམས་སོ། །"[]ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་ལའང་ཡེ་ཤེས་ཞེས་བརྗོད་དོ། །"གང་གི་ཚེ་ཇི་སྐད་བསྟན་པའི་དམིགས་པ་དང་། རྣམ་པ་བསྒོམས་པ་ན་ཐ་དད་པའི་དོན་ལ་མངོན་པར་ཞེན་པ་མེད་པར་ཅུང་ཟད་གསལ་བའི་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་སེམས་ཙམ་ཉིད་དུ་ཡང་མཐོང་བ་དེའི་ཚེ་དྲོ་བའི་གནས་སྐབས་ཡིན་ཏེ།"[] ཞེས་གསུངས་པ་ལྟར་ཚོགས་ལམ་ནས་བཟུང་སྟེ་ཡེ་ཤེས་ཀྱི་སྣང་བ་རིམ་གྱིས་འཕེལ་བར་འགྱུར་རོ། ། འབྲས་བུའི་སྐབས་ཀྱི་ཡེ་ཤེས། "སྐྱེ་འགགས་མེད་པར་མཉམ་པ་ཉིད་དུ་གནས་པ་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཞིག་ནམ་ཡང་ཉམས་པ་མེད་པས་འཆི་བ་མེད་པ་དང་དམ་པ་དེ་ལས་གཞན་མེད་པ་སྟེ།"[] ཞེས་གསུངས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ 2b
  2. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ 7a
  3. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ 7a
  4. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་ 11
  5. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་ 11
  6. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ 29b
  7. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ 23
  8. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ 14b