ཡུལ་མི་
【ཡུལ་མི】ནི་རྒྱལ་ཁབ་གང་རུང་ཞིག་གི་ཡུལ་མིའི་ཁྲིམས་མཐུན་གྱི་ཐོབ་ཐང་མངའ་བའི་གང་ཟག་ལ་དེང་རབས་སྐད་ཀྱིས “ཡུལ་མི”ཟེར་ཞིང་གནའ་རབས་སྐད་ཀྱིས“མཁར་དམངས”ཟེར། ཡུལ་མི་དང་མཁར་དམངས་གཉིས་ཀྱི་དབྱིན་ཚིགcitizenགཅིག་ཡིན་ཀྱང་། དོན་གྱི་གནད་འབྱིན་སྟངས་ལ་ཁྱད་པར་ཡོད་པ་རེད། སྔ་མ་ནི་མི་རིགས་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་འབྲེལ་ཞིང་། ཕྱི་མ་ནི་མཁར་བཙན་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་དང་འབྲེལ་ཡོད་པ་མ་ཟད། ཡུལ་མི་ནི་མི་རིགས་རྒྱལ་ཁབ་དེར་སྐྱེས་པའི་གཞིས་མི་དང་། ཡང་ན་བྱེས་མི་ག་གེ་མོ་རྒྱལ་ཁབ་དེར་འོངས་ནས་ལོ་མང་འགོར་རྗེས། རྒྱལ་ཁབ་དེའི་གཞིས་མི་དང་འདྲ་བའི་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་ཚད། ལོངས་སྤྱོད་བྱེད་དབང་ཡོད་པའི་གང་ཟག་ལྟ་བུའི་རིགས་ལའང་། རྒྱལ་ཁབ་དེའི་ཡུལ་མིར་གྱུར་སོང་ཞེས་ལབ་སྲོལ་ཡོད་པ་བཞིན། རྒྱལ་ཁབ་དེའི་རྩ་ཁྲིམས་ཀྱིས་དེའི་ཡུལ་མི་ཡོད་དོ་ཅོག་ལ། འདྲ་མཉམ་གྱིས་འགན་སྲུང་ཁག་ཐེག་བྱ་རུང་གི་རིགས་ཅན་གང་ཡིན་པ་དེའོ།། མཁར་དམངས་ནི། མཁར་བཙན་རྒྱལ་ཁབ་ཀྱི་བགོ་སྐལ་འཐོབ་རུང་གི་གང་ཟག་དང་། མཁར་བཙན་རྒྱལ་ཁབ་ཀྱི་བཅས་ཁྲིམས་ཀྱིས་མཁར་དམངས་ཀྱི་བདེ་འཇགས་འགན་སྲུང་བྱེད་པའི་རིགས་ཅན་ནོ།། དབྱིན་ཚིགcitizenཟེར་པ་འདི། ཉི་ཧོང་གི་སྐད་དུ་ཡུལ་མིའམ། མཁར་དམངས། རྒྱལ་དམངས་བཅས་ཀྱི་དོན་ལ་འགྱུར་འདུག་ཀྱང་། ཁོ་བོས་བོད་ཀྱི་རང་སྐད་དུ། བརྡ་གསར་རྙིང་གི་ཧེ་བག་ཕྱེས་ནས་དང་པོ་ལ་“ཡུལ་མི”དང་གཉིས་པ་ལ“མཁར་དམངས”ཀྱི་དོན་ལ་བསྒྱུར་ཡོད། ཡིན་ནའང་། ཕྱི་སྡོད་བོད་མི་རྣམས་ཀྱིས་དབྱིན་ཚིགcitizenཟེར་པ་འདི་མི་སེར་ཞེས་པར་བསྒྱུར་ཡོད་ཚོད་རེད་མོད། འབངས་མི་སེར་ཡོད་པའི་གཞི་དེར་རྒྱལ་པོ་ཞིག་ཀྱང་ཡོད་དགོས་སྟབས། དེང་རབས་སྤྱི་ཚོགས་ཁྲོད་མི་སེར་ཞེས་པ་སྤྱད་ན་བདེ་པོ་རང་མི་འདུག་པ་མ་ཟད། མི་སེར་སྤེལ་སྒྱུར་རིང་ལུགས་ཞེས་པའི་སྐབས་ནས་བསྟན་པའི། མི་སེར་ཟེར་པ་ཞིག་ཀྱང་ཡོད་པས་སོ།། དེར་བརྟེན། བརྡ་སྐད་ཀྱི་སྤུ་རིས་འབྱེད་རྒྱུ་ནི་གལ་ཆེན་དུ་འདོད།