Jump to content

ཡིད་མི་བདེ་བ་

ཡོང་ཁུངས་Wikipedia

ཡིད་མི་བདེ་བ་ཞེས་པ་ནི་བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་ནང་དུ་ཞེ་སྡང་དང་ཁོང་ཁྲོ་སྐྱེད་པའི་གཙོ་བོའི་རྒྱུ་ཞིག་ཡིན་པར་བཤད་ཅིང། དེ་ནི་བདག་དང་བདག་གི་ཕྱོགས་ལ་མི་འདོད་པའི་སྡུག་བསྔལ་བྱུང་བ་དང་འདོད་པའི་བདེ་བ་ལ་གེགས་བྱུང་བའི་རྗེས་སུ་སྐྱེ་བའི་སེམས་ཀྱི་འགྱུར་བ་ཞིག་ཡིན།

མཚན་ཉིད།

[རྩོམ་སྒྲིག]

"བདག་དང་བདག་གི་ཕྱོགས་ལ་ལོངས་སྤྱོད་འཕྲོག་པ་སོགས་མི་འདོད་པ་སྡུག་བསྔལ་བྱས་པ་དང་རྙེད་པ་སོགས་འདོད་པ་བདེ་བ་འགྲུབ་པ་ཡི་གེགས་བྱས་པ་ལས་བྱུང་བར་གྱུར་པའི་ཡིད་མི་དགའ་བའམ་ཡིད་མི་བདེ་བ་"[]ཞེས་པས་ཡིད་མི་བདེ་བའི་དངོས་པོའི་རང་བཞིན་གསལ་སྟོན་བྱེད་དེ། དེ་ཡང་རང་ཉིད་དང་རང་གི་གཅེས་པའི་ཁྱིམ་མི། ཡང་ན་དངོས་པོ་ལ་གཞན་གྱིས་ནོར་འཕྲོག་པ་ལྟ་བུའི་འཚེ་བ་བྱས་པ་དང་། རང་ཡིད་ལ་འདོད་པའི་དཔེར་ན་ལས་འགུལ་དང་རྒྱུ་འབྲས་ལ་བར་ཆད་བཟོས་པ་དེ་དག་ལས་བྱུང་བའི་སེམས་ཀྱི་མི་བདེ་བ་ལ་ཟེར།
"མི་འདོད་པ་བྱས་པ་དང་། འདོད་པའི་གེགས་བྱས་པ་ལས་བྱུང་བའི་ཡིད་མི་བདེ་བའི་ཟས་རྙེད་ནས་ཞེ་སྡང་གི་ནུས་པ་བརྟས་ཏེ་བདག་ཉིད་འཇོམས་སོ། །"[]ཞེས་པས་ཡིད་མི་བདེ་བ་དེ་ཞེ་སྡང་སྐྱེ་བའི་ཟས་ལྟ་བུ་ཡིན་པ་གསལ་སྟོན་བྱེད། ཇི་ལྟར་ཟས་ཀྱིས་ལུས་སྟོབས་སྐྱེད་ཅིང་འཕེལ་བར་བྱེད་པ་ལྟར། ཡིད་མི་བདེ་བ་དེས་ཞེ་སྡང་གི་འདུ་ཤེས་དང་སྤྱོད་པ། བསླབ་པ་དང་དགེ་བ་རྣམས་འཇོམས་པར་བྱེད་དོ། །

རྒྱུ་དང་འབྱུང་ཚུལ།

[རྩོམ་སྒྲིག]

ཡིད་མི་བདེ་བའི་རྒྱུ། "བདག་དང་བདག་གི་བའི་ཕྱོགས་ལ་སྡུག་བསྔལ་སོགས་མི་འདོད་པ་བྱས་པ་དང་བདེ་བ་སོགས་འདོད་པ་འབྱུང་བ་ཡི་གེགས་བྱས་པ་ལས་བྱུང་བར་གྱུར་པའི་ཡིད་མི་བདེ་བ་"[]ཞེས་པའི་དོན་ནི་རང་ཉིད་དང་རང་གི་ཁྱིམ་མི་སྤུན་གྲོགས་སོགས་ལ་གཞན་གྱིས་གནོད་འཚེ་བྱས་པ་དང་། རང་གི་འདོད་དོན་རྣམས་འགྲུབ་པ་ལ་བར་ཆད་བཟོས་པ་དེའི་རྗེས་སུ་སེམས་ནང་དུ་མི་བདེ་བའི་ཚོར་བ་ཤུགས་ཆེ་བ་སྐྱེ་བ་ལ་གོ་དགོས། "བདག་དང་བདག་གིར་འཛིན་པ་ལས་བྱུང་བ་སྟེ། བདག་དང་བདག་གི་ལ་བདེ་བ་བསྒྲུབ་པ་ནི་འདོད་པ་སྟེ། དེ་ལས་བཟློག་པ་ནི་མི་འདོད་པའོ། །"[]ཞེས་གསུངས་པས་ཡིད་མི་བདེ་བའི་རྩ་བའི་རྒྱུ་ནི་བདག་དང་བདག་གིར་འཛིན་པའི་ལྟ་བ་ལས་བྱུང་བ་ཡིན་པ་གསལ་སྟོན་བྱེད། དཔེར་ན་ང་དང་ངའི་གཅེས་པའི་དངོས་པོ་རྣམས་ལ་སྐྱིད་པོ་དང་བདེ་བ་འབྱུང་བར་འདོད་ལ། དེ་ལས་ལྡོག་པའི་སྡུག་བསྔལ་དང་དཀའ་ངལ་རྣམས་ནི་བློས་མི་བཟོད་པར་འདོད་འགྱུར།

ཞེ་སྡང་དང་འབྲེལ་བ།

[རྩོམ་སྒྲིག]

"ཞེ་སྡང་སྐྱེད་བྱེད་དང་འཕེལ་བྱེད་ཀྱི་ཟས་ཡིན་པས་དེ་ལྟ་བུའི་ཡིད་མི་བདེ་བའི་ཟས་མཐུ་ནུས་དང་ལྡན་པ་དེ་འདྲ་རྙེད་པར་གྱུར་ནས་ཉོན་མོངས་པ་ཞེ་སྡང་གི་ལུས་སྟོབས་བརྟས་པའམ་རྒྱས་ཤིང་ནུས་པ་ལྷག་པར་འཕེལ་"[]ཞེས་གསུངས་པར་ལྟར་ཡིད་མི་བདེ་དེ་ནི་ཞེ་སྡང་གི་ལུས་སྟོབས་སྐྱེད་བྱེད་དང་འཕེལ་བྱེད་ཀྱི་རྒྱུ་གཙོ་བོ་ཡིན་པས། ཡིད་མི་བདེ་བ་མཐུ་ལྡན་ཞིག་ཡོད་ན་དེའི་སྟོབས་ཀྱིས་ཉོན་མོངས་པ་གཞན་ཡང་འཕེལ་བར་འགྱུར་བ་ཡིན་ནོ། །
"ཁོང་ཁྲོ་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་ནོ། །"[]ཞེས་གསུངས། འདིས་ཡིད་མི་བདེ་བ་དང་ཁོང་ཁྲོ་གཉིས་རྒྱུ་འབྲས་ཀྱི་འབྲེལ་བ་ཆགས་ཤིང་མྱུར་ཞིང་ཉེ་བར་སྦྱོར་བ་ཡིན་པ་གསལ་སྟོན་བྱེད། དཔེར་ན་སེམས་མི་བདེ་བ་སྐྱེས་མ་ཐག་ཁོང་ཁྲོའི་རྟགས་ཡང་སྐྱེ་ཞིང་། ཡིད་མི་བདེ་བ་ཆེ་ཆུང་དང་མཐུན་པར་ཁོང་ཁྲོའི་ཆེ་ཆུང་ཡང་འབྱུང་བ་ཞིག་ཡིན་ནོ། །

དགེ་བ་ལ་གེགས་བྱེད་ཚུལ།

[རྩོམ་སྒྲིག]

"དེ་སྲིད་སྒོ་གསུམ་གྱི་དགེ་བ་རྒྱུན་འཆད་ཅིང་། དེས་སེམས་ལས་སུ་མི་རུང་བར་གྱུར་ནས་ཕྱིས་དགེ་བ་རྩོམ་པ་ན་ཡང་ལུས་ངག་གི་དགེ་བ་ལྟར་སྣང་མ་གཏོགས་སེམས་ཐག་པ་ནས་མི་འགྲུབ་པའི་ཕྱིར་དང་། དེ་ལས་སྐྱེས་པའི་ཁོང་ཁྲོས་སྔོན་གྱི་དགེ་བ་མང་པོ་ཐལ་བར་རློག་པའི་ཕྱིར་"[]ཞེས་གསུངས་པ་འདིས་ཡིད་མི་བདེ་བའི་ཉེས་དམིགས་རྒྱས་ཤིང་། ལུས་ངག་ཡིད་གསུམ་གྱིས་བྱས་པའི་དགེ་བའི་ལས་རིགས་ཐམས་ཅད་ལ་ཡིད་མི་བདེ་བས་རྒྱུན་འཆད་པར་བྱེད། དེ་ཡང་ཕྱིར་དགེ་བ་བྱེད་འདོད་ཀྱང་སེམས་ལ་རྩ་བ་ནས་བདེ་བ་མེད་པས་ཆོ་ག་ཙམ་ལས་དངོས་གནས་དགེ་བ་མི་འགྲུབ། ཡང་ཁོང་ཁྲོ་ཆེན་པོ་སྐྱེས་ན་སྔོན་དུ་བསགས་པའི་དགེ་བ་ཡང་བརླག་པར་བྱེད་དོ། །

གཞོམ་ཐབས།

[རྩོམ་སྒྲིག]

"ད་ནི་ནམ་དུ་ཡང་ཡིད་མི་བདེ་བའི་རྟོག་པ་འདི་ཚར་བཅད་པར་བྱའི་དང་དུ་བླང་བར་མི་བྱའོ། །ཞེས་བརྟུལ་ཞུགས་བརྟན་པོ་བཅའ་ཞིང་ཡིད་མི་བདེ་བའི་འགལ་ཟླ་ནི་སེམས་དགའ་བ་སྟེ་ད་ནི་ཅི་ནས་ཀྱང་བདག་གིས་སེམས་དགའ་བ་དང་མི་འབྲལ་བར་བྱའོ། །"[]ཞེས་གསུངས་པ་འདིས་ཡིད་མི་བདེ་བ་གཞོམ་པའི་ཐབས་ཀྱི་སྒོ་ནས་དམ་བཅའ་བརྟན་པོ་བྱེད་དགོས་པ་དང་། ཡིད་མི་བདེ་བའི་རྟོག་པ་སེམས་ནང་དུ་སྐྱེས་མ་ཐག་པ་ལ་ངོས་འཛིན་གྱིས་ཚར་བཅད་དེ། དེ་དང་འགལ་བའི་སེམས་དགའ་བ་དང་དགའ་སྐྱིད་ཀྱི་སེམས་རྒྱུན་དུ་འཛིན་པའི་ཚུལ་ལ་འབད་དགོས་སོ། །
"གལ་ཏེ་བྱ་བ་དེ་དག་ཕྱིར་བཅོས་སུ་ཡོད་ན་ནི་མི་དགའ་བ་ག་ལ་དགོས་ཏེ་མི་དགའ་བའི་བློ་བསམ་པ་དེ་སྲིད་ཀྱི་ཡུན་ཡང་མི་དགའ་བ་དོར་ནས་སླར་འཆོས་པར་རིགས་ཤིང་དེས་འགྲུབ་པའི་ཕྱིར། གལ་ཏེ་ཕྱིར་བཅོས་སུ་མེད་ན་ནི་མི་དགའ་བ་བྱས་པས་ཅི་ཞིག་ཏུ་ཕན་ཏེ་སེམས་མི་དགའ་བ་ཙམ་ལྟ་ཞོག་བདག་ཉིད་མེར་མཆོངས་སུ་ཟིན་ཡང་བྱ་བ་དེ་ལྡོག་ཏུ་མེད་པའི་ཕྱིར།"[] ཞེས་རིགས་པའི་སྒོ་ནས་གཞོམ་དགོས། འདིས་ཐབས་ཤེས་ཀྱི་སྒོ་ནས་ཡིད་མི་བདེ་བ་རིགས་པས་གཞོམ་ཐབས་གསལ་སྟོན་བྱེད། འདིའི་དོན་ནི་དཀའ་ངལ་དེ་འགྲིག་ཐུབ་ན་འགྲིག་ཐབས་བྱས་ལ་ཡིད་མི་བདེ་བ་ཅི་དགོས། འགྲིག་ཐུབ་མེད་ན་ཡིད་མི་བདེ་བ་བྱས་ཀྱང་ཕན་པ་གང་ཡང་མེད་ལ། རང་གི་སེམས་ཁོ་ནར་གཅུད་ཙམ་ཞིག་རེད། དེར་བརྟེན་གང་དུ་ཡང་ཡིད་མི་བདེ་བ་ཕན་ཐོགས་མེད།

ལས་འབྲས་ཀྱི་ཁྱད་པར།

[རྩོམ་སྒྲིག]

"འབྲས་བུ་ན་བ་དང་ཚ་གྲང་ལ་སོགས་པའི་ལུས་ཀྱི་སྡུག་བསྔལ་ཐམས་ཅད་དང་ཡིད་མི་བདེ་བ་ལ་སོགས་པའི་སེམས་ཀྱི་མི་དགའ་བ་ཐམས་ཅད་དང༌། གསོད་གཅོད་ལ་སོགས་པའི་འཇིགས་པ་རྣམ་པ་སྣ་ཚོགས་པ་དང༌།གང་ཡིད་ལ་འདོད་པ་རྣམས་དང་བྲལ་ཞིང་མི་འདོད་པ་སྣ་ཚོགས་དང་འཕྲད་པར་འགྱུར་བ་ལ་སོགས་པ་མདོར་ན་ཚེ་འདི་ཕྱིའི་སྡུག་བསྔལ་གང་ཅི་ཡོད་ཐམས་ཅད་ནི་མི་ངན་ཞིང་ཐབས་སྡུག་པ་ལས་བྱུང་བ་མ་ཡིན་པར་རྒྱུ་སྡིག་པ་མི་དགེ་བ་སྤྱོད་པ་ལས་འབྱུང་བར་འགྱུར་བ་ཡིན་ནོ་"[༡༠]ཞེས་པ་ལྟར། འདིས་ཡིད་མི་བདེ་བ་དང་སྡིག་པའི་ལས་དེ་དག་ལས་བྱུང་བའི་འབྲས་བུ་ཇི་འདྲ་ཞིག་བྱུང་བ་རྒྱས་པར་གསལ་སྟོན་བྱེད། དེ་ཡང་ཚེ་ལ་ལུས་ཀྱི་རིམས་དང་གཞང་འབྲུམ། ཚ་གྲང་གི་སྡུག་བསྔལ། སེམས་ཀྱི་སྐྱོ་གདུང་དང་ཡིད་མི་བདེ་བ། འཇིགས་སྣང་དང་འཇིགས་རུང་གི་གནས་སྟངས། གསོད་འཇོམས་ཀྱི་འཐབ་རྩོད། འདོད་པའི་ནོར་ལོངས་དང་གྲོགས་པོ་དང་བྲལ་བ། མི་འདོད་པའི་འབྱུང་ཁུངས་དང་འཕྲད་པ། ཞེས་པ་སོགས་ཀྱི་སྡུག་བསྔལ་ཚང་མ་སྔོན་དུ་བྱས་པའི་མི་དགེ་བའི་ལས་ལས་བྱུང་བ་ཡིན་ནོ། །

བསྡུས་དོན།

[རྩོམ་སྒྲིག]

ནང་པའི་གཞུང་ལུགས་སུ་ཡིད་མི་བདེ་བ་ནི་ཞེ་སྡང་དང་ཁོང་ཁྲོ་སྐྱེད་པའི་གཙོ་བོའི་རྒྱུ་ཡིན་ཞིང་། བདག་དང་བདག་གི་ཕྱོགས་ལ་མི་འདོད་པའི་གནོད་པ་དང་འདོད་པའི་གེགས་བྱུང་བའི་རྗེས་སུ་སྐྱེ་བའི་སེམས་ཀྱི་འགྱུར་འབྲས་ཞིག་དང་། དེ་ཡང་ཞེ་སྡང་གི་ཟས་ཞེས་བརྗོད་ཅིང་དགེ་བའི་ལས་ལ་བར་ཆད་བྱེད་པའི་ཉེས་དམིགས་ཆེན་པོ་ཡོད། དེར་བརྟེན་ནང་པའི་ལམ་ལ་འཇུག་མཁན་གྱིས་ཡིད་མི་བདེ་བ་སྤང་ཞིང་སེམས་ལ་དགའ་བ་སྒོམ་པར་བྱ་དགོས་པ་ནི་གནད་ཆེན་པོ་ཞིག་ཡིན། དེ་ཡང་རིགས་པའི་དཔྱད་པ་དང་ལམ་གྱི་ཉམས་ལེན་གཉིས་ཀ་བརྒྱུད་ནས་གཞོམ་ཐབས་ལ་འབད་དགོས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  4. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  6. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  7. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  8. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  9. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  10. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།